དབྱིན་ཡུལ་གྱིས་གཞུང་འབྲེལ་གྱི་གྲོས་འཆར་ནང་འགྲོ་བོ་མི་ཐོབ་ཐང་སྐོར་བཞག་མེད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དབྱིན་ཡུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་མཚམས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ཟླ་འདིའི་ཕྱི་ཚེས་༢༡ ཉིན་བོད་མི་ལས་འགུལ་བ་གཉིས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གི་རླངས་འཁོར་མདུན་དུ་བོད་ཀྱི་རྒྱལ་དར་གཡུག་ཐབས་བྱས་པས། ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

121782སྲིད་འཛིན་ཞི་ཅིན་ཕིང་གིས་དབྱིན་ཡུལ་དུ་ཟླ་འདིའི་ཚེས་༡༩ ནས་༢༣ བར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཆེ་རུ་གཏོང་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་ལ་འགྲོ་བ་མིའི་ཐོབ་ཐང་ལ་དགའ་ཞེན་བྱེད་མཁན་ཚོགས་པ་དང་མི་སྒེར་མང་པོས། དབྱིན་ཡུལ་གྱི་སྲིད་བློན་ལ་སྲིད་འཛིན་ཞི་ཅིན་ཕིང་མཉམ་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྲོས་མོལ་བྱེད་དགོས་པ་ནན་སྐུལ་བྱེད་བཞིན་ཡོད་པ་རེད། དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་མིས་ཧྥམ་(Mepham)གྱིས་ “ང་ཚོ་ཚོང་འབྲེལ་བྱས་པ་ལ་དགག་པ་མེད། འོན་ཀྱང་སེམས་ཁྲལ་བྱེད་དགོས་པ་ཞིག་ལ་དབྱིན་ཡུལ་གྱིས་ཐེངས་འདིར་ཚོང་འབྲེལ་ཁོ་ན་ལས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དེའི་འོག་ལ་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ཀྱི་སྐོར་ལ་གྲོས་མོལ་བྱེད་འཆར་མེད་པ་རེད་”ཅེས་འགྲེལ་བརྗོད་བྱས་འདུག

12180032བོད་རིགས་ལས་འགུལ་བསོད་ནམས་ཆོས་སྒྲོན་དང་འཇམ་དཔལ་ལྷ་མོ། དེ་བཞིན་རྒྱ་ནག་གི་མང་གཙོ་ལས་འགུལ་བ་དང་དེ་སྔོན་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོར་ངོ་རྒོལ་ནང་མཉམ་ཞུགས་བྱེད་མྱོང་མཁན་ཞའུ་ཇིང་བཅས་ཀྱིས། སྲིད་འཛིན་ཞི་ཅིན་ཕིང་གི་རླངས་འཁོར་མདུན་དུ་ངོ་རྒོ་ལ་བྱས་པར་བརྟེན། ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

དབྱིན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་མོས་བྱེད་རྒྱུའི་ཁས་བླངས་ཡོད་ཀྱང། གཞུང་འབྲེལ་གྱི་གྲོས་འཆར་ནང་མེད་པ་དང། དབྱིན་གཞུང་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་གསོལ་སྟོན་ཞིག་གྲ་སྒྲིག་བྱས་ཡོད་པས། དེ་གར་དབྱིན་ཡུལ་གྱི་གནད་ཡོད་མི་སྣ་མང་པོ་ཞིག་ཡོང་རྒྱུ་གཏན་ཁེལ་ཡོད་ཀྱང། ༧གོང་ས་མཆོག་གི་གྲོགས་པོ་དབྱིན་ཡུལ་གྱི་རྒྱལ་སྲས་ཅལ་སེ་(prince Charles) གསོལ་སྟོན་དེར་ཡོང་རྒྱུ་མིན་པ་ཐག་གཅོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།