དབྱིན་ཡུལ་གྱིས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་སྙན་ཞུར་མིང་རྟགས་བཀོད་པ།

དབྱིན་ཡུལ་རྒྱལ་ཁབ་དེ་ཉིད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་ཆེད། ཡུ་རོབ་ཕོར་ཇུ་གྷལ་གྱི་གྲོང་ཁྱེར་ལེ་སི་པོན་དུ་བཞག་པའི་གྲོས་དོན་གྱི་ཡིག་ཆ་ཨང་༥༠ ལྟར། ཕྱིར་འཐེན་གྱི་སྙན་ཞུའི་སྟེང་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས་མིང་རྟགས་བཀོད་ཡོད་འདུག་པ་དང་། དེས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་རྒྱུད་རིམ་དངོས་སུ་འགོ་འཛུགས་བྱེད་ཐུབ་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༢༩ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས། དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་སྙན་ཞུའི་ཡིག་ཆར་མིང་རྟགས་བཀོད་རྗེས། སྙན་ཞུ་དེ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོ་ནལ་ཀྲག་སེ་ལ་དབྱིན་ཡུལ་གྱི་སྐུ་ཚབ་ཀྱིས་སྐྱེལ་གྱི་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ཚེས་༢༥ ཉིན་དབྱིན་ཡུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་དགོས་མིན་ཐོག མི་མང་གིས་འོས་བླུགས་ནས་བརྒྱ་ཆ་༤༨ དང་༥༢ བྱས་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱེད་དགོས་པའི་མང་མོས་འོས་ཐོབ་ཡོད་པ་རེད། དེ་རྗེས་སྐབས་དེའི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁེ་ན་ཊ་དང་མེག་སི་ཁོའི་འགོ་ཁྲིད་རྣམས་དང་ལྷན་ཚོགས་ཤིག་གི་སྐབས། དབྱིན་ཡུལ་གྱི་ཕྱིར་འཐེན་དེས་གནས་སྐབས་རིང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་གནོད་ཆེན་པོ་སྐྱེལ་མི་སྲིད་ཀྱང་། མ་འོངས་པར་དབྱིན་ཡུལ་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་ནང། མ་རྩ་འཇོག་མཁན་ཉུང་དུ་འགྲོ་སྲིད་པ་དང། དེས་ཕུགས་རྒྱང་རིང་པོའི་ནང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་གནོད་སྐྱེལ་ཉེན་ཆེན་པོ་ཡོད་པས། གལ་ཏེ་ཕྱིར་འཐེན་དེ་དངོས་སུ་ལན་ལེན་བསྟར་ཚེ། ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་བར་གྲོས་མོལ་ཞིབ་མོ་བྱེད་དགོས་སྐོར་བརྗོད་འདུག

དེ་བཞིན་དབྱིན་ཡུལ་དངོས་སུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པར། ཡུ་རོབ་ཕོར་ཇུ་གྷལ་གྱི་གྲོང་ཁྱེར་ལེ་སི་པོན་དུ་བཞག་པའི་གྲོས་དོན་གྱི་ཡིག་ཆ་ཨང་༥༠ ལྟར། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཕྱིར་འཐེན་བྱེད་འདོད་ཚེ། མཐུན་ཚོགས་ལ་སྙན་སེང་ཞུ་དགོས་པ་རེད། དེའི་རྗེས་ལོ་གཉིས་ནང་ཚུན་ལ་ཕྱིར་ཐོན་གྱི་རྒྱུད་རིམ་འགྲོ་དགོས་ཀྱི་ཡོད་པ་དང་། གལ་ཏེ་མཐུན་ཚོགས་ཀྱི་སྤྱི་མོས་ཐོག་དུས་ཡུན་རིང་དུ་གཏོང་དགོས་པ་མཐོང་ཚེ་གཏོང་ཆོག་གི་ཡོད་པ་རེད།

ཟླ་༤ པའི་ཚེས་༢༩ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་སྐབས། ཚོགས་མི་རྣམས་ཀྱི་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མོལ་གྱི་ལམ་སྟོན་གཏན་འབེབས་བྱ་རྒྱུ་དང་། དེ་རྗེས་ཕྱི་ལོ་༢༠༡༩ བར་གྲོས་མོལ་ཐོག་བརྒྱུད་རིམ་མང་པོ་ཞིག་འགྲོ་རྒྱུ་ཡིན་འདུག་ཀྱང་། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་སྔོན་དུ་གྲོས་མོལ་དུ་མཇུག་བསྒྲིལ་ཐུབ་མིན་ལ་མ་ལྟོས་པར། དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཕྱོགས་གཉིས་བར་གྱི་གྲོས་མོལ་ནང་དུ་གནད་དོན་གལ་ཆེ་ཤོས་ཁག་ཅིག་ནི་གནས་སྤོ་བ་དང་། ཚོང་འབྲེལ། བདེ་འཇགས། འཕྲོད་བསྟེན་དང་ཤེས་ཡོན། ཁོར་ཡུག ཞིང་ལས་དང་ཚན་རིག་སོགས་ཀྱི་ཐོག་ལ་ཡིན་འདུག དེ་བཞིན་ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཡུལ་མི་མང་པོ་ཞིག དབྱིན་ཡུལ་དུ་ལས་ཀ་བྱེད་བཞིན་ཡོད་འདུག་པས། དེ་ཚོའི་གནས་སྟངས་འགྱུར་བ་འགྲོ་མིན་གལ་ཆེན་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།