དབྱིན་ཡུལ་གྱིས་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་སྲིད་སྐོར་བརྗོད་འདུག 

དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཡུ་གུར་མི་རིགས་ལ་བཙན་གནོན་དང་གང་བྱུང་བཙོན་འཇུག་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གསལ་པོ་ཡིན་སྐོར་བརྗོད་ནས། དེ་དང་འབྲེལ་ནས་རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་དབྱིན་ཡུལ་གྱིས་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱེད་སྲིད་སྐོར་བརྗོད་འདུག 

ཟླ་༡༠ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཌོ་མཱི་ནེག་རབ་( Dominic Raab) ལ། གྲོས་ཚོག་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་བཙན་གནོན་བྱེད་ཀྱི་ཡོད་པ་དེར་འཐབ་རྒོལ་བྱེད་ཆེད་དུ་དབྱིན་ཡུལ་ཕྱོགས་ནས་ག་རེ་བྱེད་རྩིས་ཡོད་སྐོར་དྲིས་སྐབས། ཁོང་གིས་ལན་དུ་ཡུ་གུར་ནང་དུ་ག་རེ་འབྱུང་གི་ཡོད་པའི་གནས་ཚུལ་ཕྱིར་ཐོན་བཞིན་པ་དང་བསྟུན། དབྱིན་ཡུལ་ལ་སེམས་འཚབ་ཆེ་རུ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་ནང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་མཉམ་འབྲེལ་རྒྱལ་ཁབ་ཏུ་རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་རྒྱུའམ། རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་ཐད་ལས་དོན་སྤེལ་རྒྱུར་འདོད་མོས་ཡོད་པ། ཡུ་གུར་ནང་དུ་བཀག་ཉར་དང་སྡུག་སྦྱོང་། བཙན་དབང་ཐོག་ནས་ཕྲུ་གུ་སྐྱེ་བའི་ནུས་པ་མེད་པ་བཟོ་བ་སོགས་ཀྱི་གནད་དོན་ནི་སྣང་མེད་གཏོང་ཐབས་བྲལ་བ་ཡིན་པས། འཐབ་རྒོལ་ལས་དོན་ག་རེ་སྤེལ་དགོས་མིན་ཐད་བསམ་བློ་གཏོང་དགོས་སྐོར་ལན་འདེབས་བྱས་འདུག 

སྐབས་དེར་རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Alicia Kearns) ཡིས། རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱས་ཚེ། རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་ཐུབ་རྒྱུ་ཡིན་མིན་དྲིས་པར། ཕྱི་སྲིད་བློན་ཆེན་གྱིས་སྤྱིར་བཏང་ཆ་ནས་རྒྱུན་དུ་རྩེད་མོ་དང་ཆབ་སྲིད། ཕྱི་སྲིད་ལས་དོན་བར་དབྱེ་མཚམས་འཇོག་དགོས་པར་བསམ་བློ་གཏོང་མཁན་ཞིག་ཡིན་ཡང་། དེ་འདྲ་བྱེད་ཐབས་བྲལ་བའི་དུས་ཚོད་གཅིག་སླེབས་སྲིད་པས། ལས་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྱིས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་དུ་དཔང་རྟགས་འཚོལ་སྒྲུབ་དང་མཉམ་ལས་བྱས་ཏེ། མ་འོངས་པར་ད་ལྟའི་ལས་དོན་ལས་ལྷག་པའི་ལས་དོན་སྤེལ་དགོས་པའི་ནང་ཨོ་རྩལ་འགྲན་ཚོགས་ངོ་རྒོལ་བྱེད་དགོས་མིན་ཐད་བསམ་ཞིབ་བྱེད་རྒྱུ་ཡིན་སྐོར་ལན་འདེབས་བྱས་འདུག 

ཟླ་༩ པའི་ཚེས་༩ ཉིན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཡོད་འདུག་པ་དང་། ཚེས་༨ ཉིན་སུད་སིའི་གྲོང་ཁྱེར་ལུ་སཱ་ནི་རུ་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཚོགས་པ་སོགས་ལས་གྲུབ་པའི་ལས་འགུལ་བའི་ཚོགས་པ་༡༦༠ ཡི་ཞུ་འབོད་ཡི་གེ་ཞིག བོད་མི་དང་རྒྱབ་སྐྱོར་བ་ཁག་ཅིག་གིས་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱ་སེ་བྷ་ཆེ་(Thomas Bach) ལ་ཕུལ་ཡོད་པ་རེད། 

ཡི་གེ་དེའི་ནང་ལས་འགུལ་བའི་ཚོགས་པ་ཚོས། ཕྱི་ལོ་༢༠༠༨ ལོའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་མི་འཚོག་པའི་ཞུ་འབོད་དང་། དེ་འཚོགས་ཚེ་ཨོ་རྩལ་ལྷན་ཚོགས་ཀྱི་ཆེ་མཐོང་ལ་གནོད་སྐྱོན་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་། སྐབས་སྔོན་མའི་ཚོགས་གཙོ་ཡིས་དེ་དག་སྣང་མེད་བཏང་ནས་ཕྱི་ལོ་༢༠༠༨ ལོའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་ཡོད་པས། ཨོ་རྩལ་ལྷན་ཚོགས་ཀྱི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པ་མ་ཟད། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་དེ་ཡང་ནོར་འཁྲུལ་ཡིན་པ་གསལ་པོ་ཆགས་ཡོད་པ་མ་ཟད། ཨོ་རྩལ་འགྲན་ཚོགས་དེ་གོ་སྒྲིག་བྱེད་རྒྱུའི་གོ་སྐབས་ཐོབ་རྗེས། རྒྱ་ནག་ལ་གདེང་སྤོབས་ཆེ་རུ་སོང་ནས་བོད་ནང་དུ་དྲག་གནོན་དང་དམ་དྲག་ཆེ་རུ་སོང་ཡོད་པ། ཡུ་གུར་མི་རིགས་ས་ཡ་༡.༨ ནས་༣ བར་བཙོན་འཇུག་བྱས་པ། ཧོང་ཀོང་ནང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྡོག་རོལ་བཏང་བ། ལྷོ་སོག་གི་རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་བཞིན་པ། ཐའེ་ཝན་ལ་དྲག་རྒོལ་གྱི་སྡིགས་བསྐུལ། རྒྱ་ནག་དམར་ཤོག་ཚོགས་པས་ཉེན་ཁ་འཛིན་ཡུལ་རྒྱ་རིགས་ཁྲིམས་རྩོད་པ་དང་། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ། མང་གཙོ་ལས་འགུལ་བ་སོགས་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་བཟོས་བ། བསད་པ་སོགས་ཀྱི་གནད་དོན་མང་པོ་ལྷག་དང་ལྷག་བཞིན་ཡོད་པས། ༢༠༠༨ ཀྱི་ཨོ་རྩལ་འགྲན་ཚོགས་རྗེས་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད། རྒྱ་ནག་གིས་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་གོ་སྒྲིག་བྱེད་ཐུབ་ཆེད་དུ། ཨོ་རྩལ་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། དེ་ལྟར་བྱུང་མེད་པས། ལྷན་ཚོགས་ནས་ཨོ་རྩལ་འགྲན་སྡུར་གྱི་ལྟ་བ་ལངས་ཕྱོགས་དང་ཆེ་མཐོང་གི་ཆེད་དུ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུའི་དུས་ལ་སླེབས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།