དབྱིན་ཡུལ་གྱིས་རྒྱ་ནག་གི་ཧུ་ཝེ་གློག་ཆས་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་འདུག
དབྱིན་ཡུལ་གྱིས་མཐའ་མའི་ཐག་གཅོད་ལ། རྒྱལ་ཁབ་དེའི་བརྡ་རྟགས་ཚད་རིམ་༥ ཅན་གྱི་ལས་འཆར་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་འདུག་པ་དང་། ཐག་གཅོད་དེར་ཨ་རིས་དགའ་བསུ་ཞུས་འདུག
ཟླ་༧ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་གློག་ཆས་དང་རིག་གཞུང་། བརྒྱུད་ལམ། རྩེད་རིགས་བཅས་ཀྱི་དྲུང་ཆེ་ཨོ་ལི་ཝེར་ཌོ་ཌན་གྱིས་གྲོས་ཚོགས་ནང་དུ། དབྱིན་ཡུལ་གྱི་བརྡ་རྟགས་ཚད་རིམ་༥ ཅན་གྱི་ལས་འཆར་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་ལ་ཚོང་ལས་ཀྱི་གོ་སྐབས་གང་ཡང་མི་སྤྲད་པར་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། ཐག་གཅོད་དེ་ལས་སླ་པོའི་ཐོག་ནས་བྱས་མེད་ཀྱང་། དེ་ནི་དབྱིན་ཡུལ་གྱི་བརྡ་རྟགས་ཚོང་ལས་ཁང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་བཅས་ལ་འཕྲལ་ཕུགས་གཉིས་ཀར་ཕན་པའི་ཐག་གཅོད་ཡང་དག་པ་ཞིག་ཡིན་སྐོར་བརྗོད་འདུག
དེ་སྔོན་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་ལ། རྒྱལ་ཁབ་དེའི་བརྡ་རྟགས་རིམ་ཚད་༥ ཅན་གྱི་ལས་འཆར་ནང་དུ་ཚོང་ལས་ཀྱི་གོ་སྐབས་བརྒྱ་ཆ་༣༥ སྤྲོད་རྒྱུ་དང་དེ་ཡང་ལས་དོན་གལ་ཆེན་ཁག་ནས་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། ཨ་རི་གཞུང་དང་དབྱིན་ཡུལ་ནང་གི་གྲོས་ཚོགས་མི་སྣ་ཚོའི་གནོན་ཤུགས་འོག ཐེངས་འདིར་ལས་འཆར་ནས་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་འདུག ཐག་གཅོད་དེ་ལ་བརྟེན་ནས་དབྱིན་ཡུལ་ནང་བརྡ་རྟགས་ཚད་རིམ་༥ ཅན་འགྲེམས་སྤེལ་བྱེད་པའི་དུས་ཡུན་ལོ་ཤས་རིང་འགོར་སྲིད་པ་དང་། འགྲོ་སོང་ཁྱོན་བསྡོམས་དབྱིན་སྒོར་ཐེར་འབུམ་༢ ཙམ་འགྲོ་སྲིད་པ་རེད་འདུག
ཐག་གཅོད་དེ་ལ་བརྟེན་ནས་དབྱིན་ཡུལ་གྱི་བརྡ་རྟགས་ཚོང་ལས་ཁང་ཚོས་ལོ་འདིའི་ལོ་མཇུག་སྔོན་ལ། ཧུ་ཝེ་ཚོང་ལས་ཁང་ནས་བརྡ་རྟགས་ཚད་རིམ་༥ ཅན་གྱི་གློག་ཆས་ཉོ་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་འདུག་པ་དང་། ཕྱི་ལོ་༢༠༢༧ སྔོན་ལ་བརྡ་རྟགས་ཚད་རིམ་༥ ཅན་བརྡ་རྟགས་ནང་ཧུ་ཝེ་ཡི་གློག་ཆས་སྔོན་ཚུད་ནས་བཀོལ་སྤྱོད་བྱས་ཟིན་པ་རྣམས་ཕྱིར་འཐེན་བྱེད་ཟིན་པ་དགོས་ཀྱི་ཡོད་འདུག
ཧུ་ཝེ་ཚོང་ལས་ཁང་གིས་དབྱིན་ཡུལ་གཞུང་གི་ཐག་གཅོད་དེར་བློ་ཕམ་ཆེན་པོ་ཡོད་པ་དང་། ཐག་གཅོད་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པ་དང་། ཨ་རིའི་ཚོང་ལས་སྲིད་བྱུས་དང་འབྲེལ་བ་ཡོད་པ་ལས་བདེ་འཇགས་དང་འབྲེལ་བ་གང་ཡང་མེད་སྐོར་དང་། བརྡ་རྟགས་ཚད་རིམ་༥ ཅན་བཟོ་སྐྲུན་གྱི་འགྲན་རྩོད་ནང་ཨ་རི་རྗེས་ལུས་ཐེབས་ཡོད་པས། ཧུ་ཝེ་ཚོང་ལས་ཁང་ལ་འཐབ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཨ་རིས་ཧུ་ཝེ་ཚོང་ལས་ཁང་ནི་རྒྱ་ནག་དབུས་གཞུང་དང་འབྲེལ་ལམ་དམ་ཟབ་ཡོད་པའི་ཚོང་ལས་ཁང་ཞིག་ཡིན་པས། ཚོང་ལས་ཁང་དེས་བཟོ་སྐྲུན་བྱས་པའི་ཁ་པར་དང་གློག་ཆས་ཁག་བརྒྱུད་ནས་རྒྱ་ནག་གཞུང་གིས་སོ་ལྟ་བྱེད་ཀྱི་ཡོད་པས་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས་བཀག་སྡོམ་བྱས་ཡོད་ཁར། དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ། ཚོང་ལས་ཁང་དེ་བཀག་སྡོམ་བྱེད་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།