དབྱིན་ཡུལ་དུ་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་ཞིག་ཁྱབ་གདལ་བྱུང་འདུག 

དབྱིན་ཡུལ་ནང་དུ་ཏོག་དབྱིབས་ནད་པ་ཆགས་མཁན་ཁྲོད་དུ་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་ཞིག་འགོ་མཁན་མང་དུ་ཕྱིན་ནས་ཛ་དྲག་གནས་སྟངས་ཆགས་འདུག་པས། རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་དབྱིན་ཡུལ་ནས་གནམ་གྲུ་སོགས་འགྲུལ་བཞུད་བཀག་འགོག་བྱེད་བཞིན་འདུག 

ཟླ་༡༢ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༩ ཉིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་དང་ལྷོ་ཤར་ཁུལ་དུ་བཀག་རྒྱ་རིམ་པ་བཞི་པ་དང་། དབྱིན་ཡུལ་ཁྱོན་ཡོངས་སུ་བཀག་རྒྱ་དམ་དུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་འདུག་པ་དང་། དེའི་རྒྱུ་མཚན་ནི་རྒྱལ་ས་ལོན་ཀྲོན་ཁུལ་དུ་ཏོག་དབྱིབས་ནད་དུག་འགོ་མཁན་ཁྲོད་ནས་ནད་པ་གསུམ་ཆ་གཉིས་ལ་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་ཞིག་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཁར། ནད་འབུ་དེ་བརྒྱ་ཆ་༧༠ ཡིས་འགོ་རྒྱུ་ལས་སླ་བ་ཡོད་པས་ཡིན་འདུག གསལ་བསྒྲགས་དེ་བྱས་ཟིན་པའི་རྗེས་ཀྱི་ཉིན་གཅིག་སྟེ་ཚེས་༢༠ ཉིན་དབྱིན་ཡུལ་ནང་དུ་ཉིན་རེའི་ཏོག་དབྱིབས་ནད་པའི་ཁ་གྲངས་དེ་༡༣,༠༠༠ འཕར་ནས་ཏོག་ནད་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཆགས་ཡོད་འདུག 

ད་ལྟའི་ཆར་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་དེ་སྔོན་མ་དེ་ལས་སྲོག་ལ་ཉེན་ཁ་ཆེ་བ་ཡོད་པ་དང་། ཏོག་ནད་སྔོན་འགོག་བྱེད་ཐུབས་མི་འདྲ་བ་ཡོད་པའི་དཔང་རྟགས་གང་ཡང་མེད་འདུག་ཀྱང་། བརྒྱ་ཆ་༧༠ ཡི་འགོ་རྒྱུ་ལས་སླ་བ་ཡོད་འདུག 

དབྱིན་ཡུལ་གཞུང་གིས་ཛ་དྲག་གནས་སྟངས་སྐོར་གསལ་བསྒྲགས་བྱས་རྗེས། ཡུ་རོབ་ཀྱི་རྒྱལ་ཁབ་ཨར་ལན་ཌ། འཇར་མན། ཧྥ་རན་སི། ཨི་ཊ་ལི། ཧོ་ལན་ཌ། བྷེལ་ཇེམ་སོགས་ཀྱིས་དབྱིན་ཡུལ་ནས་གནམ་གྲུ་བཀག་སྡོམ་གསལ་བསྒྲགས་བྱས་འདུག་པ་དང་། དེ་བཞིན་ཁེ་ན་ཌ་དང་ལྷོ་ཨ་རིའི་རྒྱལ་ཁབ་ཨན་ཇིན་ཀྲི་ན། ཆཱི་ལཱི་སོགས་ཀྱིས་དབྱིན་ཡུལ་ལ་གནམ་གྲུ་ཕར་ཚུར་འགྲོ་རྒྱུ་བཀག་སྡོམ་བྱས་འདུག 

དེ་ཡང་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་དེ་དབྱིན་ཡུལ་ནང་དུ་ཁྱབ་གདལ་འགྲོ་ཡི་ཡོད་པ་ཐོག་མར་ཟླ་༩ པའི་ནང་ཤེས་རྟོགས་བྱུང་འདུག་པ་དང་། ཟླ་༡༡ པའི་ནང་ལོན་ཀྲོན་དུ་ཏོག་དབྱིབས་ནད་པ་བཞི་ཆ་གཅིག་ལྷག་ལ་ནད་འབུ་རིགས་མི་འདྲ་བ་དེ་ཡོད་པ་དང་། ཟླ་༡༢ པའི་ནང་གསུམ་ཆ་གཉིས་ལ་ནད་འབུ་དེ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག 

ཚེས་༡༩ ཉིན་ལོན་ཀྲོན་དུ་བཀག་རྒྱ་རིམ་པ་བཞི་པ་གསལ་བསྒྲགས་བྱས་ནས་དངོས་སུ་འགོ་མ་བཙུགས་པའི་སྔོན་དུ། མི་ཤིན་ཏུ་མང་པོ་ཞིག་མེ་འཁོར་བརྒྱུད་ནས་དབྱིན་ཡུལ་གྱི་ཁུལ་གཞན་དུ་འགྲུལ་བཞུད་བྱས་འདུག་པ་དང་། དགོང་མོའི་ཆུ་ཚོད་༧ པར་མེ་འཁོར་ཁག་གི་ནང་དུ་རྐུབ་སྟེགས་སྟོང་པ་གཅིག་ཀྱང་ལྷག་མེད་ཁར། འགྲུལ་པ་མང་པོ་ཞིག་གིས་ཕན་ཚུན་བར་རྒྱང་ཐག་འཇོག་ཐབས་མེད་པ་ཆགས་ཡོད་སྐོར་བརྗོད་འདུག དབྱིན་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱིས། དབྱིན་ཡུལ་གཞུང་གིས་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་དེར་འཐབ་རྒོལ་གྱི་ལས་དོན་སྔོན་ཚུད་མ་སྤེལ་བར་སྐྱོན་བརྗོད་བྱས་འདུག་པ་དང་། མི་ཤིན་ཏུ་མང་པོ་ལོན་ཀྲོན་ནས་དབྱིན་ཡུལ་གྱི་ས་ཕྱོགས་གཞན་དུ་འགྲུལ་བཞུད་བྱས་ཡོད་པས། ནད་འབུ་རིགས་མི་འདྲ་བ་དེ་ཁྱབ་གདལ་འགྲོ་བའི་ཉེན་ཁ་ཡང་ཆེ་རུ་ཕྱིན་ཡོད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག 

ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་དེ་ད་ལྟའི་ཆར་ཨི་ཊ་ལིར་དང་། ཨོ་སི་ཀྲོ་ལི་ཡ།  ཌན་མག ཧོ་ལན་ཌ་བཅས་སུ་ཐོན་ཟིན་ཡོད་ཀྱང་། ཛ་དྲག་གནས་སྟངས་ཆགས་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།