དབྱིན་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་གསར་འཛུགས་བྱ་རྒྱུར་བོད་པ་དང་ཧོང་ཀོང་བ་སོགས་ཀྱིས་ངོ་རྒོལ་བྱས།

དབྱིན་ཡུལ་དུ་རྒྱ་ནག་གཞུང་གིས་གཞུང་ཚབ་གསར་པ་ཞིག་འཛུགས་འཆར་ཡོད་འདུག་པ་དང་། དེ་ལ་བོད་མི་དང་ཧོང་ཀོང་། ཡུ་གུར་མི་རིགས་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་མ་འོངས་པར་རྒྱ་ནག་གཞུང་གིས་དབྱིན་ཡུལ་ནང་གི་འགྲོ་མིའི་ཐོབ་ཐང་དང་། ཆབ་སྲིད་ཀྱི་གནས་དོན་ལ་དོ་ཕོག་གཏོང་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག

ཕྱི་ཚེས་༡༠ ཉིན་ཨེ་ཤེ་ཡའི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་གྱི་རྒྱལ་ས་(London)དུ་རྒྱ་ནག་གི་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་འཆར་ཡོད་འདུག་པ་དང་། གལ་སྲིད་རྒྱ་ནག་གི་གཞུང་ཚབ་གསར་པ་དེ་དབྱིན་ཡུལ་གྱི་རྒྱལ་སར་གསར་འཛུགས་བྱས་ན་དབྱིན་ཡུལ་ནང་དུ་རྒྱ་ནག་གིས་དཔལ་འབྱོར་གྱི་མ་རྩ་ཕོན་ཆེན་པོ་འཛུགས་སྲིད་ཅིང་། དེ་ཡིས་མ་འོངས་པར་ཨ་རི་དང་དབྱིན་ཡུལ་གཉིས་གྱི་འབྲེལ་ལམ་ཐད་དོ་ཕོག་གཏོང་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག དབྱིན་ཡུལ་གྱི་ངལ་རྩོལ་སྲིད་དོན་ཚོགས་པ་ཡིན་པའི་སྲིད་བློན་(Keir Starmer)ལོ་སྔོན་མའི་ཕྱི་ཟླ་༡༡ ནང་རྒྱ་ནག་ཏུ་ཕྱིན་ནས། རྒྱ་ནག་གི་གཞུང་ཚབ་ཁང་ཞིག་དབྱིན་ཡུལ་གྱི་(Royal Mint Court)ཟེར་བའི་ས་ཆར་གསར་རྒྱག་བྱེད་འཇུག་རྒྱུ་ཁས་ལེན་བྱས་ཡོད་འདུག 

ལོ་འདིའི་ཕྱི་ཟླ་༡ ཚེས་༡༤ ཉིན་རྒྱ་ནག་གི་དཔལ་འབྱོར་བློན་ཆེན་གྱིས་བརྗོད་དོན་ལ། ད་ཆར་དབྱིན་ཡུལ་དང་རྒྱ་ནག་བར་ཚོང་འབྲེལ་གྱི་གྲོས་མཐུན་༦༩ པ་དེ་བཞག་ཡོད་པ་དང་། ཨ་སྒོར་ས་ཡ་༧༤༤  ཙམ་གྱི་ཚོང་འབྲེལ་བྱེད་འཆར་ཡོད་པ་དང་། དེ་ཡིས་མ་འོངས་པར་དབྱིན་ཡུལ་གྱི་དཔལ་འབྱོར་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་བརྗོད་ཡོད་འདུག འོན་ཀྱང་། རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ (Tom Tugendhat)ཟེར་བ་དེ་ཡིས་ཨེ་ཤེ་ཡའི་དུས་བབ་གསར་ཁང་ལ་བརྗོད་དོན། དབྱིན་ཡུལ་གྱིས་རྒྱལ་ཁབ་གཞན་སུ་དང་ཚོང་འབྲེལ་བྱས་ན་འགྲིགས་ཀྱང་། རང་ལ་ཉེན་ཁ་ཡོད་མེད་ལྟ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་སུ་ཡིན་ཡང་ཁེ་ཕན་ཆེན་པོ་ཞིག་མེད་ན་ཚོང་འབྲེལ་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་རྒྱ་ནག་གིས་དབྱིན་ཡུལ་ནང་གཞུང་ཚབ་གསར་རྒྱག་བྱེད་རྒྱུ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་འདུག ད་དུང་ཁོང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ལ་བཙན་དབང་གི་ཐོག་ནས་ལས་ཀ་བཀོལ་ཏེ་སྤྲིན་བལ། གློག་རྫས། ཉི་གློག་འཕྲུལ་འཁོར་སོགས་བཟོ་བཅུག་སྟེ། རྒྱ་ནག་གཞུང་གིས་དངོས་ཟོག་དེ་དག་གི་རིན་གོང་ཆུང་ཆུང་ཞིག་ནས་འཚོང་བཞིན་ཡོད་པ་དང་། བཙན་དབང་གི་འོག་ནས་ལས་ཀ་བྱེད་བཞིན་པའི་དངོས་ཟོག་དེ་དག་གི་ཐོག་མི་མང་རྣམས་ཀྱི་ཁྲག་འགོས་ཡོད་པས། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། འདས་པའི་དབྱིན་ཡུལ་གྱི་ལོ་རྒྱུས་ནང་ལོ་༢༠༠ རིང་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་བྱས་ཡོད་པ་རེད་ཅེས་བརྗོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཕྱི་ཟླ་༡ ནང་ཡུ་རོབ་ནས་ཨ་རིར་ནང་འདྲེན་བྱེད་བཞིིན་པའི་དངོས་ཟོག་རྣམས་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་བརྗོད་ཡོད་པར་བརྟེན། དབྱིན་ཡུལ་གྱི་དངོས་ཟོག་ཐོག་ལ་ཊོམ་གྱིས་སྒོ་ཁྲལ་འགེལ་རྒྱུའི་ཉེན་ཁ་ཆེན་པོ་མཐོང་གི་ཡོད་འདུག་ཅིང་། གལ་སྲིད་དབྱིན་ཡུལ་དང་རྒྱ་ནག་བར་གཞུང་ཚབ་གསར་རྒྱག་དང་ཚོང་འབྲེལ་ཇེ་ཆེར་སོང་ཚེ་ཨ་རིའི་གཞུང་གིས་སྒོ་ཁྲལ་འགེལ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག ཨ་རི་དང་དབྱིན་ཡུལ་གཉིས་བར་ཨ་སྒོར་ཐེར་འབུམ་༧༡ ཙམ་གྱི་ཚོང་ཡོད་འདུག་ལ། གལ་སྲིད་ཨ་རིའི་གཞུང་གིས་དབྱིན་ཡུལ་གྱི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ བཀལ་ཚེ་དབྱིན་ཡུལ་གྱི་ངོས་ནས་ལོ་རེར་ཨ་རི་ལ་ཁྲལ་ཨ་སྒོར་ཐེར་འབུམ་དྲུག་རེ་སྤྲོད་དགོས་ཀྱི་ཡོད་པར་བརྗོད།

ཟླ་འདིའི་ཕྱི་ཚེ་༨ ཉིན་བོད་པ་དང་། ཐའེ་ཝན་གྱི་མི་རིགས། ཧོང་ཀོང་། ཡུ་གུར་བ་སོགས་ཀྱིས་རྒྱ་ནག་གཞུང་གིས་དབྱིན་ཡུལ་ནང་དུ་གཞུང་ཚབ་གསར་པ་འཛུགས་རྒྱུར་ངོ་རྒོལ་བྱས་ཡོད་འདུག གལ་སྲིད་རྒྱ་ནག་གིས་གཞུང་ཚབ་ཁང་གསར་པ་དེ་བཙུགས་ཚེ་དེའི་ནང་རྒྱ་ནག་གི་ལས་བྱེད་༢༥༠ ཡོང་རྒྱུ་ཡིན་འདུག་པ་དང་། དེ་དག་གིས་དབྱིན་ཡུལ་ནང་དུ་ཡོད་པའི་བོད་པ་དང་། ཧོང་ཀོང་། ཐའེ་ཝན་གྱི་མི་རིགས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་མཐོང་གི་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་གཞུང་ཚབ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་ནང་དུ་ཡོད་པའི་མི་རིགས་དེ་དག་གི་ཐོག་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་རྒྱུ་མང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།