དབྱིན་ཡུལ་དུ་རྒྱ་ནག་གི་ཡོ་རོབ་ཁུལ་གྱི་གཞུང་ཚབ་ཁང་ཆེ་ཤོས་ཤིག་གསར་རྒྱག་བྱ་རྒྱུར་ཆོག་མཆན་མ་སྤྲད།

རྒྱ་གཞུང་གིས་དབྱིན་ཡུལ་དུ་ས་ཆ་ཞིག་ཉོས་ནས་ལོ་ངོ་དྲུག་ཕྱིན་ཡོད་འདུག་པ་དང་། ས་ཆ་དེར་གཞུང་ཚབ་ཁང་གསར་པ་ཞིག་རྒྱག་རྒྱུ་ཡིན་འདུག་ཀྱང་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ། ས་གནས་ཉེན་རྟོག་པ་དང་འགྲིམ་འགྲུལ་བཅས་ཀྱི་བདེ་འཇགས་ལ་ཉེན་ཁར་མཐོང་ནས་གཞུང་ཚབ་གསར་རྒྱག་བྱ་རྒྱུར་ཆོག་མཆན་སྤྲད་མེད་པ་རེད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་དབྱིན་ཡུལ་(Tower Hamlets) ཞེས་པའི་གྲོང་སྡེའི་ནང་(Royal Mint) ཞེས་པའི་ས་ཆ་ཞིག་ཉོས་ནས་ལོ་ངོ་དྲུག་ཕྱིན་ཡོད་པ་དང་། ས་ཆ་དེར་རྒྱའི་གཞུང་ཚབ་ཁང་གསར་པ་ཞིག་རྒྱག་འཆར་ཡོད་ཀྱང་། ས་གནས་མི་མང་དང་གྲོང་སྡེའི་ཉེན་རྟོག་པ་སོགས་ཀྱིས་དགག་བྱའི་ཡི་གེ་ཕུལ་བ་སོགས་ལ་བརྟེན། གྲོང་སྡེ་ལྷན་ཚོགས་ཀྱིས་གཞུང་ཚབ་ཁང་གསར་རྒྱག་ལ་ཁས་ལེན་བྱས་མེད་པ་རེད་འདུག

ས་ཆ་དེའི་རྒྱ་ཁྱོན་ནི་ཕུ་ཊི་གྲུ་བཞི་མ་འབུམ་བདུན་ཙམ་ཡོད་ཅིང་། གལ་ཏེ་ས་ཆ་དེར་རྒྱ་ནག་གིས་གཞུང་ཚབ་ཁང་བརྒྱབ་པ་ཡིན་ན། ཡུ་རོབ་ཁུལ་གྱི་རྒྱ་གཞུང་གི་གཞུང་ཚབ་ཁང་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག ཕྱི་ལོ་༢༠༢༢ ལོར་ས་གནས་མི་མང་གིས་ས་ཆ་དེར་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་བྱེད་རྒྱུ་ལ་དགག་བྱའི་ཡི་གེ་༥༡ ཕུལ་རྗེས། གྲོང་སྡེ་ལྷན་ཚོགས་ཀྱིས་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་ཡང་ཡང་ཡོང་གི་ཡོད་པ་དང་། གཞུང་ཚབ་ཁང་གསར་རྒྱག་གིས་ས་གནས་མི་མང་དང་ཉེན་རྟོག་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ལ་ཉེན་ཁར་མཐོང་ནས་ཆོག་མཆན་སྤྲད་མེད་པ་རེད་འདུག་ལ།

ལོ་འདིའིི་ནང་ས་གནས་མི་མང་གིས་དགག་བྱའི་ཡི་གེ་༢༧༣ ཕུལ་བ་སོགས་ལ་བརྟེན། ཕྱི་ཚེས་༩ ཉིན་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ལས་གཞི་དེ་ནི་ཁུལ་དེར་གནས་སྡོད་ཡུལ་མི་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁར་གཟིགས་ཏེ་དགག་བྱ་བྱས་ཡོད་འདུག ཡི་གེ་འབུལ་མཁན་གྱི་ཁྲོད་དུ་(Free Tibet) ཞེས་པ་དང་(Britain) ཁུལ་གྱི་བོད་རིགས་ཚོགས་པ་ཁག་ཅིག་མཉམ་རུབ་ཐོག་ཡི་གེ་ཞིག་ཀྱང་ཕུལ་ཡོད་འདུག ད་ལྟའི་ཆར་གྲོང་སྡེ་ལྷན་ཚོགས་ཀྱིས་དགག་བྱ་བྱས་ཡོད་ཀྱང་། མཐའ་མའི་ཐག་གཅོད་དེ་གཞུང་གིས་གནང་གི་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་༥ པའི་ནང་ཐག་གཅོད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།