དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཞིག་ལ་ཉེས་ཆད་གཏོང་སྲིད་པ་རེད་འདུག

དབྱིན་ཡུལ་ནང་དུ་རྒྱང་སྲིངས་བྱེད་ཆོག་པའི་ལག་ཁྱེར་ཡོད་མཁན་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ལས་ཁང་གིས། ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་ཐོག་ཕྱོགས་ལྷུང་གི་གནས་ཚུལ་སྤེལ་རྐྱེན། དབྱིན་ཡུལ་གྱི་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱེད་མཁན་ལས་ཁང་ནས་ཉེས་ཆད་གཏོང་སྲིད་པ་རེད་འདུག

ཟླ་༥ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་འབྲེལ་ལམ་ལས་ཁང་(ofcom)གྱིས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ལས་ཁང་(CGTN)གིས་ལོ་སྔོན་མའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཐོག་སྤེལ་བའི་གནས་ཚུལ་རྣམས། དབྱིན་ཡུལ་གྱི་གནས་ཚུལ་དྲང་བདེན་སྤེལ་ཕྱོགས་ཀྱི་ཁྲིམས་དང་ཚབས་ཆེན་གྱིས་འགལ་ཡོད་པས། ལས་ཁང་དེའི་ལན་འདེབས་ཉན་རྗེས་ཉེས་ཆད་གཏོང་འདོད་ཡོད་སྐོར་བསྒྲགས་ཡོད་འདུག

དབྱིན་ཡུལ་གྱི་འབྲེལ་ལམ་ལས་ཁང་གིས་བརྗོད་དོན་ལ། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དེས་རྒྱང་སྲིངས་བྱས་པའི་བརྙན་འཕྲིན་གསར་འགྱུར་ཁག་གི་ནང་དུ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐབས་སུ་ངོ་རྒོལ་བས་ཉེན་རྟོག་པའི་ཐོག་སྤེལ་བའི་དྲག་སྤྱོད་ཁོ་ནར་དམིགས་པ་ལས། ངོ་རྒོལ་བ་ཚོའི་ཐོག་ཏུ་གཞུང་གིས་སྤེལ་བའི་དྲག་སྤྱོད་རྣམས་སྣང་མེད་བཏང་ཡོད་པ། དེ་བཞིན་བརྙན་འཕྲིན་ལས་ཁང་དེས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གཞུང་གི་ལྟ་ཚུལ་ཇི་མ་ཇི་བཞིན་ཁྱབ་སྤེལ་བཏང་བ་ལས། དེ་དང་མི་མཐུན་པའི་ལྟ་ཚུལ་གཞན་འཛིན་མཁན་རྣམས་ལ་གོ་སྐབས་སྤྲད་མེད་པ། ཧོང་ཀོང་ནང་དཔལ་འབྱོར་གྱི་ལས་དོན་དོ་ཕོག་སོང་བར་དམིགས་པ་ལས། དེ་ལྟར་འགྲོ་བའི་རྒྱུ་མཚན་ཐོག་གནས་ཚུལ་ཁྱབ་སྤེལ་མ་བྱས་པ་སོགས་བྱས་ནས། ཕྱོགས་ལྷུང་གི་གནས་ཚུལ་སྤེལ་ཡོད་པས། བྱེད་སྟངས་དེ་ནི་དབྱིན་ཡུལ་ནང་གི་བརྒྱུད་ལམ་ཁག་གིས་སྲུང་དགོས་པའི་དྲང་བདེན་གྱི་གནས་ཚུལ་སྤེལ་དགོས་པའི་ཁྲིམས་དང་འགལ་ཡོད་འདུག

དབྱིན་ཡུལ་ནང་བརྒྱུད་ལམ་ཞིག་གིས་ཁྲིམས་དང་འགལ་ཚེ་དཔལ་འབྱོར་ཉེས་ཆད་གཏོང་གི་ཡོད་འདུག་པ་དང་། ཁྲིམས་འགལ་བསྐྱར་དུ་བྱས་པའམ་ཚབས་ཆེན་གྱི་ཁྲིམས་འགལ་བྱས་ཚེ། རྒྱང་སྲིངས་ཆོག་པའི་ལག་ཁྱེར་རྩིས་མེད་གཏོང་གི་ཡོད་འདུག

རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ལས་ཁང་གིས་རྩོད་ལེན་དུ། མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་བྱེད་འདོད་མི་འདུག་པས། མང་གཙོ་ལ་རྒྱབ་སྐྱོར་གྱི་ལྟ་ཚུལ་ལྡན་པའི་གསར་འགྱུར་སྤེལ་རྒྱུར་དཀའ་ངལ་འཕྲད་ཡོད་པ་དང་། དེ་བཞིན་བརྙན་འཕྲིན་ཁང་དེས་གསར་འགྱུར་ནང་དུ་ངོ་རྒོལ་བ་ཚོའི་དངོས་ཡོད་དང་མཐུན་པའི་སེམས་འཚབ་ཁག་ཅིག་སྟེ། ཁང་གླ་འཕར་བཞིན་པ་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་སྐོར་ཁྱབ་སྤེལ་བྱས་ཡོད་ཁར། ངོ་རྒོལ་བའི་ཐོག་ཏུ་ཉེན་རྟོག་པས་དྲག་སྤྱོད་སྤེལ་བ་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དེར་དབྱིན་ཡུལ་ནང་རྒྱང་སྲིངས་ཆོག་པའི་ལག་ཁྱེར་ཡོད་ཁར། བལྟ་ཉན་བྱེད་མཁན་ཉུང་ཤས་ལས་མེད་ཀྱང་། བརྒྱུད་ལམ་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་དབྱིན་སྐད་ཀྱི་བརྒྱུད་ལམ་བེད་སྤྱོད་བྱས་ནས། དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་རུ་གཏོང་བའི་ཐབས་བྱུས་ཀྱི་ཆ་ཤས་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།