དབྱིན་ཡུལ་ཕྱིར་འཐེན་དེས་འཛམ་གླིང་དཔལ་འབྱོར་གནོད་སྲིད་པ་རེད།

ཨ་རིའི་སྲིད་འཛིན་བྷེ་རག་ཨོ་བྷ་མས། དབྱིན་ཡུལ་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱས་པ་དེས། ཕུགས་རྒྱང་རིང་པོའི་ནང་འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་གནོད་སྲིད་སྐོར་བརྗོད་འདུག

13563279_1198769516813582_1886983960_nཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༥ ཉིན་དབྱིན་ཡུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་དགོས་མིན་ཐོག མི་མང་གིས་འོས་བླུགས་ནས་བརྒྱ་ཆ་༤༨ དང་༥༢ བྱས་ནས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་པའི་མང་མོས་འོས་ཐོབ་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁེ་ན་ཊ་དང་མེག་སི་ཁོའི་འགོ་ཁྲིད་རྣམས་དང་ལྷན་ཚོགས་ཤིག་གི་སྐབས། དབྱིན་ཡུལ་གྱི་ཕྱིར་འཐེན་དེས་གནས་སྐབས་རིང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་གནོད་ཆེན་པོ་སྐྱེལ་མི་སྲིད་ཀྱང་། མ་འོངས་པར་དབྱིན་ཡུལ་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་ནང། མ་རྩ་འཇོག་མཁན་ཉུང་དུ་འགྲོ་སྲིད་པ་དང། དེས་ཕུགས་རྒྱང་རིང་པོའི་ནང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་གནོད་སྐྱེལ་ཉེན་ཆེན་པོ་ཡོད་པས། གལ་ཏེ་ཕྱིར་འཐེན་དེ་དངོས་སུ་ལན་ལེན་བསྟར་ཚེ། ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་བར་གྲོས་མོལ་ཞིབ་མོ་བྱེད་དགོས་སྐོར་བརྗོད་འདུག

ཉེ་བའི་ཆར་དབྱིན་ཡུལ་མཉམ་ཞུགས་མེད་པའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་༢༧ ལྷན་ཚོགས་ཐེངས་དང་པོ་བྱས་ཏེ། བསྒྲགས་གཏམ་ཞིག་སྤེལ་བའི་ནང། གལ་ཏེ་དབྱིན་ཡུལ་ལ་ཡུ་རོབ་ཀྱི་ཁྲོམ་རའི་ཁེ་ཕན་དགོས་ཚེ། ཡུ་རོབ་མཐུན་ཚོགས་ཀྱི་རང་དབང་བཞི་སྟེ། མི་ཕར་ཚུར་འགྲོ་བ་དང་ལས་ཀ་བྱེད་པའི་རང་དབང། དངུལ་གྱི་རང་དབང། ཞབས་ཞུའི་ལས་རིགས་ཀྱི་རང་དབང། ཚོང་ཟོག་གི་རང་དབང་སོགས་ལ་ཁས་ལེན་བྱེད་དགོས་སྐོར་བརྗོད་ཡོད་འདུག་ཀྱང། དཔྱད་ཞིབ་པ་མང་པོས་དབྱིན་ཡུལ་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མི་མང་ནང་ཡུ་རོབ་ཀྱི་ལུང་པ་སྐྱོ་བའི་ལས་མི་མང་པོ་ཞིག་མི་ཕར་ཚུར་འགྲོ་བ་དང་ལས་ཀ་བྱེད་པའི་རང་དབང་དེ་ལོངས་སུ་སྤྱད་ནས། དབྱིན་ཡུལ་དུ་ལས་ཀ་བྱེད་པར་ཡོང་བར་མི་དགའ་བ་དང། དེ་བཞིན་སྐྱབས་བཅོལ་བ་ཕོན་ཆེན་སླེབས་ནས། ལུང་པ་དེའི་མི་ལ་ལས་ཀ་མི་རག་པ་ཆགས་ཀྱི་ཡོད་པའི་བསམ་ཚུལ་ཤུགས་ཆེན་ཡོད་པས། ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱས་ན། ཕྱི་མི་དང་སྐྱབས་བཅོལ་བའི་དཀའ་ངལ་དེ་མེད་པ་བཟོ་ཐུབ་ཀྱི་ཡོད་པའི་བསམ་ཚུལ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་ཁར། ཉེ་བའི་ཆར་དབྱིན་ཡུལ་གྲོས་ཚོགས་ནང་དུ། ལས་གནས་འཁྱོལ་ལ་ཉེ་བའི་སྲིད་བློན་ཁེ་མེ་རོན་གྱིས་མི་ཕར་ཚུར་འགྲོ་འོང་དང་ལས་ཀ་བྱེད་པའི་རང་དབང་གི་གནད་དོན་སེལ་ཐབས་དེ་དཀའ་ལས་ཁག་པོ་ཡིན་སྐོར་བརྗོད་འདུག

དབྱིན་ཡུལ་དངོས་སུ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་པར། ཡུ་རོབ་ཕོར་ཇུ་གྷལ་གྱི་གྲོང་ཁྱེར་ལེ་སི་པོན་དུ་བཞག་པའི་གྲོས་དོན་གྱི་ཡིག་ཆ་ཨང་༥༠ ལྟར། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཕྱིར་འཐེན་བྱེད་འདོད་ཚེ། མཐུན་ཚོགས་ལ་སྙན་སེང་ཞུ་དགོས་པ་རེད། དེའི་རྗེས་ལོ་གཉིས་ནང་ཚུན་ལ་ཕྱིར་འཐེན་གྱི་རྒྱུད་རིམ་འགྲོ་དགོས་ཀྱི་ཡོད་པ་དང། གལ་ཏེ་མཐུན་ཚོགས་ཀྱི་སྤྱི་མོས་ཐོག་དུས་ཡུན་རིང་དུ་གཏོང་དགོས་པ་མཐོང་ཚེ་གཏོང་ཆོག་གི་ཡོད་པ་རེད། ད་ལྟའི་ཆར་མི་མང་ནང་འོས་ཤོག་བསྡུས་པ་ལས། དབྱིན་ཡུལ་གཞུང་འབྲེལ་ཐོག་ནས་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱས་མེད་པ་རེད། དེ་ཡང་སླེབས་ལ་ཉེ་བའི་སྲིད་བློན་གསར་པའི་ལས་འགན་ཡིན་ཡང། དཔྱད་ཞིབ་པ་ཁ་ཤས་ཀྱིས་ཕྱིར་འཐེན་དེ་དངོས་སུ་བྱེད་རྒྱུ་མིན་སྐོར་བརྗོད་མཁན་འདུག་ལ། ཉེ་བའི་ཆར་དབྱིན་ཡུལ་མི་མང་ས་ཡ་ཁ་ཤས་ཀྱིས་འོས་ཤོག་བསྐྱར་དུ་བསྡུ་དགོས་པའི་དྲ་ཐོག་ཞུ་གཏུགས་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།