དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་དེ་གའི་གྲོས་ཚོགས་སུ་བོད་དོན་ཐོག་མུ་མཐུད་གླེང་རྒྱུའི་ཆོད་སེམས་ཡོད་པར་བརྗོད་འདུག

རྒྱ་གཞུང་གི་བཙན་འཛུལ་དང་སྡུག་རྩུབ་ལས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་རྒྱ་གར་དུ་ཞབས་སོར་ཐོག་མར་འཁོད་པའི་ཉིན་མོ་སྟེ། ཕྱི་ཟླ་༣ ཚེས་༣༡ ཉིན་མེར་ཁུ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་དང་བསྟུན། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་དབྱིན་ཡུལ་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་འདུག
གོང་ཚེས་ཉིན་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས། དབྱིན་ཡུལ་སྐུ་ཚབ་དོན་ཁང་དང་། བོད་རང་དབང་ཚོགས་པ། དབྱིན་ཡུལ་བོད་རིགས་ཚོགས་པ་བཅས་དང་མཉམ་འབྲེལ་གྱིས། དབྱིན་ཡུལ་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་གོ་སྒྲིག་གནང་འདུག་པ་དང་། ཐེངས་འདིའི་མཛད་སྒོའི་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ལཽ་ (Chris Law) ཡིས་ལོ་གསར་འཚམས་འདྲི་དང་འབྲེལ། ཉེ་ལམ་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་སྟེ། ད་ཆར་གྲོས་ཚོགས་འཐུས་མི་གྲངས་ ༢༠ ཚོགས་ཞུགས་གནང་ཡོད་པ་དང་། ཚོགས་པའི་ངོས་ནས་དབྱིན་ཡུལ་གྲོས་ཚོགས་སུ་བོད་དོན་ཐོག་མུ་མཐུད་གླེང་སློང་གནང་རྒྱུའི་ཆོད་སེམས་ཡོད་པར་བརྗོད་འདུག

དེ་བཞིན་མཛད་སྒོའི་ཐོག་ལྷན་ཞུགས་གནང་བའི་དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ་རྒྱ་གར་དུ་༧ཞབས་སོར་འཁོད་པའི་ཉིན་མོ་ཞིག་དང་། གཞན་ཡང་རྒྱལ་སྤྱིའི་མེར་ཁུ་རིའི་ཚོགས་པ་ནས་ཕྱི་ལོ་ ༢༠༢༥ ལོའི་མེར་ཁུ་རིའི་གསེར་གྱི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་བཞེས་མཛད་པའི་ཉིན་མོ་ཞིག་ཀྱང་ཡིན་པ་འགྲེལ་བརྗོད་གནང་བ་མ་ཟད། ཁོང་གིས་༧གོང་ས་མཆོག་གི་ཕྱག་དེབ་གསར་པའི་ནང་དོན་དང་འབྲེལ། ༧སྐུའི་ཡང་སྲིད་རང་དབང་རྒྱལ་ཁབ་གཅིག་ཏུ་འཁྲུངས་རྒྱུའི་བཀའ་གསལ་པོ་གནང་བའི་སྐོར་དང་། དེ་བཞིན་དབྱིན་ཡུལ་གཞུང་ནས་ཀྱང་མ་འོངས་པར་སྐུའི་ཡང་སྲིད་ངོས་འཛིན་གྱི་སྐུ་དབང་ཡོངས་རྫོགས་མགོན་པོ་གང་ཉིད་ཁོ་ན་ལ་ཡོད་པའི་བསྒྲགས་གཏམ་འདོན་སྤེལ་ཡོང་བ་དང་། གལ་ཆེའི་གནད་དོན་དེའི་ཐོག་མཛད་སྒོར་མཉམ་ཞུགས་གནང་བའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་འདུག་ལ།
གཞན་ཡང་དགེ་སློང་མ་པདྨ་བདེ་སྐྱིད་ཀྱིས་མཛད་སྒོའི་ཐོག་ཁོང་མོ་རང་ཉིད་ཀྱིས་སྔོན་ཆད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་སྐབས་ཀྱི་མྱོང་ཚོར་དང་འབྲེལ། མགོན་པོ་གང་གིས་བྱམས་སྙིང་རྗེ་དང་། བརྩེ་བ། འཚེ་བ་མེད་པ་དང་ཞི་བདེ་བཅས་ཀྱི་དོན་དུ་ཁ་ཞེ་གཉིས་ཀྱི་ཐོག་ནས་ཕྱག་བཞེས་བཟང་པོ་མཛད་ཡོད་པའི་སྐོར་སོགས་གསུང་བཤད་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།