དབྱིན་ཡུལ་ལ་འབར་རྫས་ཀྱི་དྲག་རྒོལ་ཁྲོད་མི་༢༢ ཀྱི་ཚེ་སྲོག་ཤོར་བ།

ཡུ་རོབ་དབྱིན་ཡུལ་གྱི་གྲོང་ཁྱེར་མེན་ཆེ་སེ་ཀྲེར་གྱི་རྩེད་རར། ཟླ་འདིའི་ཚེས་༢༢ ཉིན་གཞས་སྣ་དགོང་ཚོགས་ཤིག་མཇུག་བསྒྲིལ་རྗེས་འབར་གས་བྱུང་ནས།  ད་ལྟའི་ཆར་གནས་སྟངས་ཤེས་རྟོགས་བྱུང་བར་གཞིགས་ན་མི་༢༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་༥༩ ལ་རྨས་སྐྱོན་ཕོག་ཡོད་འདུག

དེ་ཡང་ཉིན་དེར་ཨ་རིའི་གཞས་མ་ཨེ་རི་ན་གྷེ་རན་ཌི་ཡིས་གཞས་སྣ་དགོང་ཚོགས་འཚོགས་ཡོད་པ་དང་། དབྱིན་ཡུལ་དུ་མོའི་གཞས་ལ་དགའ་མོས་བྱེད་མཁན་གཞོན་སྐྱེས་མང་པོ་ཡོད་འདུག དགོང་ཚོགས་གྲོལ་བའི་རྗེས་རྩེད་རའི་བར་ཁྱམས་སུ་འབར་གས་བྱུང་ཡོད་འདུག་པ་དང་། བར་ཁྱམས་དེ་མེ་འཁོར་གྱི་འབབ་ཚུགས་དང་མཐུད་ཡོད་འདུག་པས། འབབ་ཚུགས་དང་མེ་འཁོར་འགྲོ་བསྐྱོད་བཀག་ཡོད་པ་རེད།

ད་ལྟའི་ཆར་དབྱིན་ཡུལ་ནང་དུ་ཆབ་སྲིད་ཚོགས་པ་ཁག་གིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད་པས། ཕྱོགས་ཚང་མས་ལས་འགུལ་རྣམས་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་འདུག

ད་ལྟའི་ཆར་འཇིགས་སྐུལ་ཚོགས་པ་སུ་གང་གིས་བྱ་སྤྱོད་དེར་འགན་ལེན་བྱས་མེད་པ་རེད་དེ། ཉེན་རྟོག་པས་དྲག་རྒོལ་བྱེད་མཁན་སྐྱེས་པ་ཞིག་གིས་འབར་རྫས་གཏོར་ནས་རང་ཉིད་ཀྱང་དེའི་ཁྲོད་ཤི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།