དབྱིན་རྒྱའི་འགལ་ཟླ་གསར་པ་ཕྱོགས་གཉིས་ཀྱི་གསར་ཁང་ཐོག་ནས་འབྱུང་བཞིན་པ། 

དབྱིན་ཇིའི་གཞུང་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཤོས་ཏེ། གོ་ལའི་བརྙན་འཕྲིན་བརྒྱུད་ལམ་(CGTN) གི་བརྙན་འཕྲིན་བརྒྱུད་གཏོང་བྱེད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་རྗེས། རྒྱ་ནག་གཞུང་དང་མི་མང་གིས་དབྱིན་ཇིའི་བྷེ་བྷེ་སི་གསར་ཁང་(BBC) ལ་སྐྱོན་བརྗོད་དང་ཁ་རྡུང་ཤུགས་ཆེན་བྱེད་ཀྱི་འདུག 

འདས་པའི་ཟླ་བ་མང་པོའི་རིང་ལ་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱི་བར་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཧ་ཝ་ཡི་འཕྲུལ་ཆས་(Huawei tecknology) ཉོ་ཚོང་། དེ་བཞིན་རྒྱ་ནག་གིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་བཅས་ཀྱི་ཐོག་ནས་འགལ་བ་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པ་མ་ཟད། བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་འབྲེལ་ཡོད་ལས་ཁུངས་ནས་རྒྱ་ནག་གི་གོ་ལས་བརྙན་འཕྲིན་བརྒྱུད་ལམ་(CGTN) གྱི་བརྙན་འཕྲིན་བརྒྱུད་གཏོང་བྱེད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པ་དང་། དེའི་རྒྱུ་མཚན་ལ་བརྙན་འཕྲིན་བརྒྱུད་གཏོང་གི་རྩོམ་སྒྲིག་འགན་དབང་མཐར་ཐུག་དེ་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ་ཤེས་རྟོགས་བྱུང་བས་ཡིན་ཚུལ་དྲངས་འདུག 

དབྱིན་ཇིའི་ཐག་གཅོད་དེ་བྱུང་ནས་སྐར་མ་འགའ་ཤས་ལས་མ་ཕྱིན་གོང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་དབྱིན་ཇིའི་གསར་ཁང་བྷེ་བྷེ་སི་(BBC) ལ་སྐྱོན་བརྗོད་བྱེད་པའི་རྒོལ་གཏམ་ཞིག་སྤེལ་བའི་ནང་། བྷེ་བྷེ་སི་གསར་ཁང་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཐོག་ནས་“གནས་ཚུལ་རྫུན་མ་”སྤེལ་བའི་ཉེས་འཛུགས་བྱས་པ་དང་། རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་འདུག 

དེ་བཞིན་འདས་པའི་བདུན་ཕྲག་འགའི་ནང་། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དག་གིས་དབྱིན་ཇིའི་བྷེ་བྷེ་སི་གསར་ཁང་ནས་ཧོང་ཀོང་དང་། ཤིང་ཅང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་བཅས་ཀྱི་ཐད་ལ་ཕྱོགས་ལྷུང་ཅན་གྱི་གནས་ཚུལ་རྫུན་མ་སྤེལ་བཞིན་ཡོད་པའི་ཉེས་འཛུགས་དང་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་བྷེ་བྷེ་སི་གསར་ཁང་ནས་ཤིང་ཅང་གི་བཙོན་སྒར་(cancentration camps) དུ་ཡུ་གུར་གྱི་བུད་མེད་ཚོས་བསམ་བརྗོད་ལས་འདས་པའི་བཙན་གཡེམ་གྱི་མནར་གཅོད་མྱོང་བཞིན་ཡོད་པའི་གནས་ཚུལ་ཞིབ་རྒྱས་ཤིག་སྤེལ་རྗེས། དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལས་དུས་བབ་(Global Times) ཀྱིས་“བྷེ་བྷེ་སིས་དཔང་རྟགས་སྟོན་པའམ་དཀྲོག་གཏམ་སྤེལ་བ་ཡིན་པའི་ཁས་ལེན་བྱེད་དགོས་”ཞེས་པའི་རྩོམ་སྒྲིག་པའི་གཏམ་ཞིག་སྤེལ་བའི་ནང་། བྷེ་བྷེ་སིས་“ཉེན་ཚབས་ཆེ་བའི་ཐོག་ནས་གསར་འགྱུར་གྱི་ཀུན་སྤྱོད་རྩིས་མེད་རྡོག་རོལ་བཏང་ཡོད་”ཅེས་ཉེས་འཛུགས་དང་སྐྱོན་བརྗོད་བྱས་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན།