དམག་འཁྲུག་ཁྲོད་རྒྱ་གར་གྱི་མི་གཉིས་བསད་པ་དང་ཨ་ཧྥི་རི་ཀའི་སློབ་ཕྲུག་བཙན་གྱིས་དམག་སར་བཏང་བ།

fistpost གསར་ལམ་གྱི་པར།

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ད་བར་ལོ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་པའི་སྐབས་འདིར། ཨུ་རུ་སུས་རྒྱ་གར་གྱི་མི་མང་ཨུ་རུ་སུའི་ནང་སྡོད་མཁན་དག་བཙན་གྱིས་དམག་སར་བཏང་ནས་ཉེ་ཆར་རྒྱ་གར་གྱི་མི་གཉིས་དམག་སར་བསད་ཡོད་འདུག་ལ། དེ་བཞིན་ཨུ་རུ་སུའི་ནང་ཡོད་པའི་ཨ་ཧྥི་རི་ཀའི་སློབ་མ་མང་པོ་བཙན་གྱིས་དམག་སར་གཏོང་གི་ཡོད་འདུག 

ཕྱི་ཚེས་༡༣ ཉིན་སྦི་སྦི་སི་དང་གསར་ཁང་གཞན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་ཨུ་རུ་སུ་ལ་ཉེ་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་སའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་དམག་མི་གཉིས་ཀྱི་ཕུང་པོ་ཕྱིར་རྒྱ་གར་ལ་སྤྲོད་དགོས་པ་དང་། དེ་བཞིན་རྒྱ་གར་གྱི་མི་སེར་ཨུ་རུ་སུའི་ནང་ཡོད་པ་དང་། ཨུ་རུ་སུའི་དམག་མིའི་ཁོངས་སུ་ཡོད་མཁན་དག་ངེས་པར་དུ་རྒྱ་གར་ནང་ཕྱིར་གཏོང་དགོས་པར་རྗོད་ཀྱི་ཡོད་འདུག་ཀྱང་། ད་བར་ཨུ་རུ་སུས་དེ་ལ་ལན་འདེབས་གང་ཡང་བྱས་ཡོད་མི་འདུག  སྦི་སྦི་སི་གསར་ཁང་གིས་ཨུ་རུ་སུའི་དམག་སར་ཡོད་པའི་རྒྱ་གར་གྱི་དམག་མི་འགའ་ཤས་དང་འབྲེལ་ཡོད་བ་བྱུང་ཡོད་པར་རྗོད་ཀྱི་ཡོད་འདུག ཨུ་རུ་སུའི་དམག་ས་ལ་ཡོད་པའི་རྒྱ་གར་གྱི་མི་སེར་རྣམས་ལ་ཨུ་རུ་སུའི་གཞུང་གིས་དངུལ་སྤྲོད་ཀྱི་ཡོད་འདུག་ལ། དེ་བཞིན་ཨུ་རུ་སུའི་གཞུང་གི་ལག་འཁྱེར་ཡང་སྤྲོད་ཀྱི་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་ཨུ་རུ་སུས་རྒྱ་གར་གྱི་མི་སེར་གཉིས་དམག་མིའི་ཁྲོད་བསྡུ་རུབ་བྱས་ནས་དམག་སར་འདས་གྲོངས་སུ་ཕྱིན་པ་བློ་ཕམ་ཚད་མེད་ཡོད་ཅེས་བརྗོད་ཡོད་འདུག དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་ཨུ་རུ་སུའི་ནང་ལས་ཀའི་གོ་སྐབས་ཡོད་ཚུལ་རྗོད་དུས་ངེས་པར་དུ་མི་མང་གིས་གཟབ་གཟབ་བྱེད་དགོས་པའི་ལམ་སྟོན་བྱས་འདུག རྒྱུ་མཚན་ནི་རྒྱ་གར་གྱི་མི་མང་པོ་ཞིག་མི་གཏོང་མཁན་འགས་ཨུ་རུ་སུའི་ནང་ལས་ཀ་ཡོད་ཚུལ་བརྗོད་ནས་འཁྲིད་མཁན་མང་པོ་བྱུང་ཡོད་འདུག་ལ། དེ་སྔོན་རྒྱ་གར་གྱི་མི་སེར་འགའ་ཤས་ཨུ་རུ་སུའི་ནང་ལས་ཀ་ཡོད་ཚུལ་བརྗོད་ནས་ཁྲིད་རྗེས་མཐར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་འགྲོ་དགོས་བྱུང་ཡོད་འདུག་པ་དང་། དེ་རྗེས་མི་དེ་དག་གིས་རྒྱ་གར་གཞུང་ལ་རེ་བ་བརྒྱབས་ནས་དམག་ས་ནས་ཕྱིར་རྒྱ་གར་ལ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་རྒྱག་བཞིན་ཡོད་ཀྱང་རྒྱ་གར་གྱི་ངོས་ནས་སྐྱོན་བརྗོད་རིགས་བྱེད་ཀྱི་ཡོད་མི་འདུག་ལ། དེ་ལས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་རྒྱུ་གལ་ཆེན་ཡིན་པར་བརྗོད་ཡོད་འདུག དེ་བཞིན་ཤྲི་ལངྒ་ནས་ཡིན་པའི་མི་སེར་༡༩ ཙམ་ཨུ་རུ་སུའི་དམག་སར་བཙན་ཁྲིད་བྱས་ཡོད་པའི་རྐྱེན་གྱིས་འདས་གྲོངས་ཕྱིན་ཡོད་འདུག ད་བར་བལ་ཡུལ་ནས་ཡིན་པའི་མི་སེར་༢༠ ཙམ་ཨུ་རུ་སུའི་དམག་སར་ཕྱིན་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འདི་ལོའི་ཕྱི་ཟླ་༤ པའི་ནང་ཨུ་རུ་སུ་ལ་ལས་ཀ་ཡོད་ཚུལ་བརྗོད་ནས་རྒྱ་གར་ནས་མི་གཏོང་མཁན་མི་༤ རྒྱ་གར་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ལ། བལ་ཡུལ་དང་ཤྲི་ལངྒ་སོགས་ཀྱི་མི་སེར་ཚོ་ཨུ་རུ་སུའི་ནང་ལས་ཀ་ཡོད་ཚུལ་བརྗོད་ནས་མི་གཏོང་མཁན་དེ་འདྲའི་མགོ་སྐོར་འོག་ཏུ་མི་ཚུད་རྒྱུའི་གཟབ་གཟབ་བྱེད་དགོས་པ་ཡང་བརྗོད་ཡོད་འདུག དེ་བཞིན་རྒྱ་གར་གྱི་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུ་གཞུང་གིས་ཨུ་རུ་སུའི་ནང་ཡོད་པའི་ཨ་ཧྥི་རི་ཀའི་གླིང་ཕྲན་དུ་ཡོད་པའི་རྒྱལ་ཁབ་མང་པོའི་སློབ་མ་ཨུ་རུ་སུའི་ནང་ཡོད་མཁན་དག་ཨུ་རུ་སུའི་དམག་འཁྲུག་ཁྲོད་བཙན་གྱིས་བཏང་བ་དང་། གལ་སྲིད་དམག་སར་མ་ཕྱིན་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་སོའི་ནང་ཕྱིར་ལོག་གཏོང་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་འདུག ད་དུང་ཨ་ཧྥི་རི་ཀའི་གླིང་ཕྲན་ནས་ཨུ་རུ་སུའི་ནང་སློབ་ཕྲུག་གསར་པ་བསྡུ་ཡི་ཡོད་འདུག་པ་དང་། སློབ་སྦྱོང་ཚར་རྗེས་ལས་ཀའི་གོ་སྐབས་ཡོད་པ་དང་ཟླ་རེ་ལ་ཨ་སྒོར་༢༢༠༠ རེ་སྤྲོད་རྒྱུའི་ཁས་ལེན་བྱས་ནས་སློབ་མ་གང་མང་རག་ཐབས་བྱེད་ཀྱི་ཡོད་འདུག ད་བར་ཨུ་རུ་སུའི་ནང་ཨ་ཧྥི་རི་ཀའི་སློབ་མ་ཁྱོན་༣༥༠༠༠ ནས་༦༠༠༠༠ ཙམ་ཡོད་འདུག་པ་དག་ད་ཆར་བཙན་གྱིས་དམག་སར་གཏོང་གི་ཡོད་འདུག ལོ་རེར་ཨ་ཧྥི་རི་ཀ་ནས་ཨུ་རུ་སུ་ལ་འགྲོ་མཁན་སློབ་ཕྲུག་ཁྲི་གཅིག་ཙམ་ལེན་གྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།