དམག་འཁྲུག་མཚམས་འཇོག་རྒྱུར་གྲོས་མཐུན་བྱུང་ནས་པ་ལི་ཐན་གྱི་མི་སེར་རང་ཡུལ་ལ་ལོག་བཞིན་ཡོད་འདུག

ཨི་སི་རེལ་དང་ཧ་མ་སིའི་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཅིག་དང་ཟླ་བ་མང་པོ་འགྲོ་བཞིན་པའི་མཚམས་སུ་ད་ཆར་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་རིམ་པ་བྱུང་ནས་པ་ལི་སི་ཐན་གྱི་མི་མང་ཚོ་རང་ཡུལ་ལ་ལོག་འགོ་བཙུགས་ཡོད་འདུག

ཕྱི་ཚེས་༢༧ ཉིན་བྷི་བྷི་སི་དང་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ལི་སི་ཐན་གྱི་མི་མང་སྟོང་ཚོ་མང་པོ་ཤར་ཕྱོགས་གྷ་ཛའི་ཕྱོགས་སུ་ལོག་ཡོང་བཞིན་ཡོད་འདུག་ཅིང་། བདུན་ཕྲག་འདིའི་ནང་ཨི་སི་རེལ་དང་། ཧ་མ་སི་གཉིས་བར་གྲོས་མཐུན་བྱུང་ནས་ཧ་མ་སི་ཡིས་དེ་སྔོན་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་དྲུག་ཀློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པར་བརྗོད་འདུག ཨི་སི་རེལ་དང་པ་ལི་སི་ཐན་གཉིས་བར་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བཞག་པ་ནས་བཟུང་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་༧ དང་ཨི་སི་རེལ་གྱིས་བཟུང་བའི་པ་ལི་སི་ཐན་གྱི་བཙོན་པ་༣༠༠ གློད་བཀྲོལ་བཏང་ཡོད་འདུག 

ད་ཆར་པ་ལི་སི་ཐན་གྱི་མི་མང་ཚོ་གྷ་ཛའི་ཤར་ཕྱོགས་ས་ཁུལ་ཕྱོགས་སུ་ལོག་བཞིན་ཡོད་འདུག་ཅིང་། བཙན་ཁྲིད་བྱས་པའི་མི་མང་དང་བཙོན་པ་སོགས་བརྗེ་ལེན་གྱི་གྲོས་མཐུན་དེ་ཕྱི་ཚེས་༡༩ ཉིན་བྱུང་ཡོད་འདུག ཨ་རབ་ཀྱི་རྒྱལ་ཁབ་ཁ་ཐར་གྱིས་བར་འདུམ་བྱས་ནས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་གསུམ་པའི་སྐབས་སུ། ཨི་སི་རེལ་གྱི་མི་སེར་ཧ་མ་སིས་བཙན་ཁྲིད་བྱས་པའི་མི་གསུམ་གློད་བཀྲོལ་གཏོང་འཆར་ཡོད་འདུག་ཅིང་། དེ་རྗེས་ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་བཙོན་པ་རྣམས་གློད་བཀྲོལ་གཏོང་རྒྱུ་དང་། པ་ལི་སི་ཐན་གྱི་མི་མང་ཚོ་ད་ལྟ་ཨི་སི་རེལ་གྱི་བཙན་བཟུང་འོག་ཡོད་པའི་(Netzarim Corridor)་ས་ཁུལ་ཡོང་འཇུག་རྒྱུ་ཡིན་པར་བརྗོད་ཡོད་འདུག པར་དང་བརྙན་སོགས་ཀྱི་ནང་པ་ལི་སི་ཐན་གྱི་མི་མང་སྟོང་ཚོ་མང་པོ་ཞིག་གྷ་ཛའི་ནང་ལོག་ཡོང་བཞིན་ཡོད་པར་མཐོང་རྒྱུ་འདུག་ལ། མི་མང་པོ་ཞིག་གི་སྡོད་ཁང་རྩ་མེད་དུ་གཏོར་ཚར་ཡོད་འདུག་པར་བརྟེན། དགོང་མོ་སྲང་ལམ་དུ་ཉལ་བཞིན་ཡོད་པ་སོགས་ཀྱི་བརྙན་མཐོང་རྒྱུ་ཡོད་པར་བརྗོད་འདུག བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཇོ་བྷ་ཌན་སྲིད་གཞུང་སྐབས་སུ་ཨི་སི་རེལ་གཞུང་ལ་སྤྲོད་འཆར་ཡོད་པའི་འབར་རྫས་༢༠༠༠ ཙམ་ཞིག་ཕྱིས་སུ་པ་ལི་སི་ཐན་གྱི་མི་མང་གི་ཚེ་སྲོག་ལ་ཉེན་ཁ་འདུག་ཟེར་ནས་བཀག་ཡོད་འདུག་ཀྱང་། ད་ཆར་ཊོམ་གྱིས་ཆོག་མཆན་སྤྲད་ནས་ཨི་སི་རེལ་ལ་འབར་རྫས་ཕོན་ཆེན་པོ་འབྱོར་ཡོད་པ་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་བཀོད་འདུག དེ་བཞིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཨ་རིའི་སྲིད་འཛིན་ཊོམ་ལ་ཨི་སི་རེལ་གྱི་བདེ་སྲུང་ཆེད་དུ་གོ་མཚོན་གནང་བ་ཐུགས་རྗེ་ཆེ་ཞུས་པ་དང་། ད་ཆར་ཨི་སི་རེལ་གྱི་བདེ་སྲུང་ལ་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་ཡོད་འདུག 

སྲིད་འཛིན་ཊོམ་གྱིས་ཨི་ཇེབ་དང་ཇོན་དན་རྒྱལ་ཁབ་གཉིས་ལ་པ་ལི་སི་ཐན་གྱི་མི་སེར་སྐྱབས་བཅོལ་བ་མང་ཙམ་ལེན་དགོས་པ་དང་། དེ་ཡང་གནས་སྐབས་དང་ཡང་ན་གཏན་དུ་འདུག་བཅུག་ན་ཆོག་ཚུལ་བརྗོད་ཡོད་འདུག་ཅིང་། གྷ་ཛ་ས་ཁུལ་དེ་གཙང་བཟོ་བྱེད་དགོས་པར་བརྗོད་པས་པ་ལི་སི་ཐན་གྱི་སྲིད་འཛིན་གྱིས་ཧ་ཅང་ཁོང་ཁྲོ་ཆེན་པོའི་ཐོག་ནས་པ་ལི་སི་ཐན་མི་མང་ཚོ་ལ་གནས་ཚུལ་གང་འདྲ་ཞིག་འཕྲད་ཀྱང་གྷ་ཛ་བཞག་ནས་ནམ་ཡང་འགྲོ་ཡི་མ་རེད་ཅེས་བརྗོད་འདུག 

དེ་བཞིན་གཟའ་ཉི་མའི་ཉིན་དེ་སྔོན་ཨི་སི་རེལ་དང་ལེ་བྷེ་ནོན་(Lebanon)བར་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་དེ་ཡང་དུས་ཡུན་རྫོགས་ཡོད་འདུག་ཀྱང་། བསྐྱར་དུ་གྲོས་མཐུན་ཕྱིར་འགྱང་བྱས་ནས་ཕྱི་ཟླ་༢ ཟླ་དཀྱིལ་བར་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་པར་བརྟེན། མི་མང་ཕོན་ཆེན་པོ་ཕྱིར་རང་ཡུལ་དུ་ལོག་བཞིན་ཡོད་པ་ཨ་རིའི་གཞུང་གིས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།