དམར་གཞུང་བཙུགས་ནས་མི་ལོ་དོན་ལྔ་འཁོར་ཟེར་བ་ལས་འཕྲོས་པའི་གཏམ།

རྩོམ་པ་པོ། ཆབ་མདོ་ངག་དབང་ཕུན་ཚོགས།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་དོན་ལྔ་འཁོར་བ་ཡིན་ཟེར་ནས་རྒྱ་གཞུང་གིས་བྱས་རྗེས་རླབས་ཆེན་བཞག་ཡོད་རབས་ཀྱི་འུར་སྒྲོག་གི་དྲིལ་བསྒྲགས་རྫུན་མ་བྱས་དང་བྱེད་བཞིན་པ་དེ་རེད། མི་ལོ་དོན་ལྔའི་རིང་ལ་བོད་ལྟ་བུ་ཞིག་ལ་ཆ་མཚོན་ན། བོད་མི་རྣམས་ཀྱི་སེམས་སུ་དཀའ་སྡུག་འོག་ཏུ་གནས་དགོས་ཐུག་པ་ལས་བདེ་སྐྱིད་ཟེར་བ་ཞིག་ནམ་ཡང་བྱུང་མེད་པ་དེ་རེད། དཀའ་སྡུག་གི་ལོ་ཟླ་དོན་ལྔ་འཁོར་བ་ཟེར་ན་མིང་དོན་མཚུངས་པའི་གནད་དོན་ཞིག་རེད་སྙམ། 

ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ཚེས་ ༡ ཉིན་མོར་ཚོགས་འདུ་ཚོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་བཙུགས་ཡིན་ཚུལ་གྱི་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་ཀྲུའུ་ཏེས་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཁང་གི་བཀའ་རྒྱ་སྒྲོག་སྦྱངས་བྱས་ཏེ། གོ་མིན་ཏང་གི་ཤུལ་ལྷག་དམག་མི་གང་མགྱོགས་རྩ་གཏོར་དང་། ད་དུང་ཐག་ཆོད་མེད་པའི་བོད་དང་ཐའེ་ཝན་རྒྱལ་ཁོངས་གང་མགྱོགས་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད།

ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡༠ པར་རྒྱ་གཞུང་གིས་འབྲི་ཆུའི་ཤར་རྒྱུད་རིམ་གྱིས་བཙན་འཛུལ་བྱེད་སྐབས།  བོད་དམག་དང་དང་དམག་ཁག་གིས་ས་མཚམས་ཁག་ནས་སྔོན་འགོག་བྱ་ཐབས་རིམ་པ་བྱས་རུང་མང་སྣེ་ཉུང་ཤོར་དང་། དེ་བཞིན་དེང་རབས་ཀྱི་གོ་མཚོན་ལྡན་པའི་རྒྱ་དམག་ལ་སྔོན་འགོག་ག་ལ་ཐུབ། རང་རིགས་བོད་དམག་ལ་དེང་རབས་གོ་མཚོན་ཚད་ལྡན་ཞིག་མེད་ལ། དེ་བཞིན་རང་གཞུང་དམག་མི་དང་ཡུལ་དམག་རྣམས་ལ་དེང་རབས་ཀྱི་དམག་སྦྱོང་ཚད་དང་ལྡན་པ་ཞིག་དེ་བས་ཀྱང་མེད། གོ་མཚོན་འདང་ངེས་ཤིག་ཀྱང་མེད་པ་དེ་རེད། ཞན་ཆ་དེ་རིགས་ཀྱི་དབང་གིས་སྔོན་འགོག་ག་ལ་ཐུབ། དེ་ཡང་ཁྱིམ་མཚེས་དང་ཆ་ཤས་ལས། “ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༨ པའི་ཚེས་ ༢༦ ཉིན་ལྷོ་ནུབ་དམག་ཁུལ་ཁང་གིས་ཆབ་མདོའི་གཡུལ་འགྱེད་ཀྱི་བཀའ་རྒྱ་བཏང་སྟེ། ཟླ་ ༡༠ ཚེས་ ༦ ནས་ ༢༤ བར་གྱི་ཉིན་བཅོ་བརྒྱད་ཙམ་གྱི་རིང་རྒྱ་དམག་བཞི་ཁྲི་ལྷག་བཏང་ནས་བོད་དམག་ལྔ་སྟོང་བདུན་བརྒྱ་ལྷག་དང་མང་ཚོགས་བགྲང་ལས་འདས་པ་དམར་གསོད་དང་འཛིན་བཟུང་བྱས།” ཞེས་གསལ་དོན་ལྟར་བོད་དམག་དང་དང་དམག་ལ་ཕམ་ཉེས་ཕོག་སྟེ་ཆབ་མདོ་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས་པ་དང་།

དེ་བཞིན་བོད་མི་གསར་བརྗེ་བ་ཞིག་ཅེས་པ་ལས། “དམག་སྡེ་ཨང་བཅོ་བརྒྱད་པའི་གཙོ་ཤུགས་དམག་ནི་དམག་དཔོན་ཀྲང་གོ་ཧ་ཡིན་སྣེ་འཁྲིད་འོག་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་ལྷ་སར་སླེབས་”ཞེས་གསལ་དོན་ལྟར་རིམ་གྱིས་རྒྱ་དམག་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ནས་བོད་ཀྱི་ས་ཆ་ཕལ་མོ་ཆེ་རྒྱ་དམག་གིས་བཙན་འཕྲོག་བྱས་པ་དེ་རེད། དུས་དེ་ནས་བཟུང་སྟེ་བོད་མི་རྣམས་རང་དབང་གི་ཐོག་ནས་འཚོ་བ་རོལ་རྒྱུ་དེ་དག་མེད་པར་གྱུར་ནས་ཐབས་ཟད་འུ་ཐུག་ངང་ནས་དཀའ་སྡུག་དང་མནར་གཅོད་འོག་ཏུ་འཚོ་བ་རོལ་དགོས་ཐུག་པ་རེད། དེ་འདྲའི་དཀའ་སྡུག་འོག་ཏུ་འཚོ་བ་རོལ་ནས་མི་ལོ་དོན་ལྔ་ཙམ་གྱི་རིང་དུ་འགྲོ་བཞིན་ཡོད།

དེ་བཞིན་བོད་མི་རིགས་ཀྱི་བསམ་བློ་པ་དང་ཤེས་ཡོན་ཅན། མི་རིགས་ཀྱི་ལ་རྒྱ་ཡོད་མཁན་རིགས་མེད་པ་བཟོ་ཆེད་དུ་ཕྱི་ལོ་ ༡༩༥༨ ལོར་ཟིང་འཁྲུག་ཆེན་མོ་ཞེས་ལས་འགུལ་ཐབས་སྡུག་སྤེལ་ནས་གོང་དུ་ཞུས་པ་བཞིན་མི་མང་གིས་གུས་བཀུར་བྱེད་སའི་མི་གྲགས་དང་བླ་མ་དང་མཁན་པོ། སྤྲུལ་སྐུ། འབྱོར་བ་ཅན་སོགས་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ཏེ་བོད་ཀྱི་ས་ཆ་གང་སར་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་བཏང་བ་ཙམ་དུ་མ་ཟད། ལྟོ་གྲོད་པ་གང་བ་ཟ་རྒྱུ་མེད་པའི་དབང་གིས་མི་སྣ་དུ་མ་ཞིག་དུས་མིན་འདས་གྲོངས་སུ་གྱུར་ཡོད།

དེ་ཡང་ཁྱིམ་མཚེས་དང་ཆ་ཤས་ཞེས་པའི་དེབ་ལས། “ནར་མ་སོན་པའི་བྱིས་པ་ཞིག་གིས་ས་ཞིང་ནང་གི་སྲན་མ་དང་ནས་འབྲུའི་རིགས་ཀྱི་ས་བོན་བསྔོགས་ནས་ཟོས་པ་ཙམ་ལའང་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པར་ཁྲིམས་ཆད་ནན་མོ་ཕོག་ཡོད་པས།” ཞེས་གསལ་དོན་ལྟར་སྐབས་དེ་དུས་དངོས་ཡོད་གནས་ཚུལ་དེ་འདྲའི་ཡིན་པ་རེད། ང་རང་ལ་ལྟ་བུར་ཆ་མཚོན་ན་ད་ལྟ་དྲན་སོས་པ་ཞིག་ལ། དེ་དུས་ང་ཚོའི་ནང་གི་འཚོ་བ་དཔེ་མི་སྲིད་པའི་སྐྱོ་པོ་རེད་ལ། ཉིན་རེར་ལྟོ་གྲོད་པ་གང་བ་ཟ་རྒྱུ་མི་རག་པའི་དུས་སྐབས་ཤིག་རེད། སྐབས་དེར་ང་ཚོའི་ཁང་ཐོག་ཏུ་གྲོང་སྡེ་སྤྱི་པའི་ཉུང་མའི་ལོ་མ་བཅད་ཟིན་ནས་ཁང་ཐོག་ཏུ་སྐམ་དགོས་ཀྱི་ཡོད། དགོང་མོ་ས་མ་རུབ་ཙམ་དུ་ང་ཁང་ཐོག་ཏུ་ཕྱིན་ནས་ལོ་མའི་གསེང་ནས་ཉུང་མ་ཨེ་རག་བལྟས་པ་ཡིན་པས། ཉུང་མ་འགའ་ཤས་ཤིག་རག་སོང་། སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་གྲོང་ཚོའི་ལས་མི་རྣམས་ལས་མཚམས་གྲོལ་བ་དང་འཁེལ་ནས་ཡར་ཐོན་པ་ཞིག་གིས་ངས་ཉུང་མ་འཁྱེར་གྱི་ཡོད་པ་མཐོང་སྟེ། ཕྱི་ཉིན་ཡར་ཐོན་པ་དེ་མགོ་ཁྲིད་ཀྱི་མདུན་དུ་བཅར་ནས། ངས་ཉུང་མ་འཁྱེར་གྱི་འདུག་ཚུལ་འགོ་ཁྲིད་ལ་ལན་སྤྲད་པ་དང་། ལམ་སང་ང་ཚོའི་ནང་དུ་གྲོང་ཚོའི་ལས་བྱེད་ཡོང་ནས་ཁང་ཐོག་བལྟས་པ་དང་། ཉུང་མ་དེ་ག་རང་ལ་བཞག་པ་མ་གཏོགས་ནང་དུ་ཁྱེར་མེད་པ་མཐོང་ནས་ལས་བྱེད་དེས་ངའི་ཕ་མ་གཉིས་ལ་རྗེས་ཕྱོགས་དེ་འདྲ་བྱས་ཚེ་ཁྲིམས་གཅོད་གཏོང་གི་ཡིན་ཚུལ་བརྗོད་འདུག། ངའི་ཕ་མ་གཉིས་ཞེད་ཐག་ཆོད་ནས་ད་ནས་བཟུང་སྟེ་ཁང་ཐོག་ཏུ་འགྲོ་མི་དགོས་ཟེར་ནས་ཁང་ཐོག་འགྲོ་སའི་སྐས་འཛེགས་ཕབ་ནས་བཞག་སོང་། སྐབས་དེ་དུས་ཀྱི་གནས་ཚུལ་དེ་དག་ད་ལྟའང་མ་བརྗེད་པར་གསོན་པོ་གནས་འདུག ། ལྷར་པར་ང་ཚོ་སྡོད་སའི་ལུང་པའི་ལ་རྒྱབ་ཏུ་ཁྱིམ་ཚང་ཞིག་ཡོད་ཅིང་། ཁོང་ཚོའི་གྲལ་རིམ་མངའ་བདག་ཡིན་པ་དང་། ཁོང་ཚོའི་ཕ་མ་གཉིས་ལ་བུ་གཅིག་ཡོད།

ཁོས་ཞིང་ཁ་ནས་སྟོན་ཐོག་བརྐུས་ཡོད་མེད་གང་ལྟར་ཡང་། ཡར་ཐོན་པ་ཚོས་ཁོས་སྟོན་ཐོག་བརྐུས་པ་རེད་ཟེར་ནས་སྟོན་ཐོག་སྐེ་ལ་བཏགས་ནས་ལུང་པའི་གཡས་གཡོན་དུ་ཁྲིད། མི་དམངས་ཚོགས་འདུ་ཚོགས་ནས་ཁོ་ལ་འཐབ་འཛིང་གཏོང་འཇུག་གི་ཡོད། ཕོ་གསར་ཡིན་མདོག་ཁ་བོ་ཞིག་ཡོད་ཅིང་། སྐབས་དེ་དུས་ང་ཚོའི་ལུང་པའི་ནང་དུ་ཁྲིད་བྱུང་། སྐེ་ལ་སྟོན་ཐོག་བཏགས། ལག་པ་གཉིས་རྒྱབ་ཏུ་རྩ་ཐག་གིས་བསྡམས། ཚོགས་འདུ་འཚོག་སའི་མདུན་དུ་སྤུས་མོ་སར་འཛུགས་བཅུག་ནས་བཞག་སོང་། སྐབས་དེར་ཡར་ཐོན་པ་འགའ་ཤས་ངར་ངར་ཤོར་ཤོར་གྱི་ཐོག་ནས་ཁོ་ལ་འཐབ་འཛིང་བཏང་སོང་། མགོའི་སྐྲ་འཐེན་ནས་སྐྲ་ཐམས་ཅད་གནམ་ལ་ཟིང་བ་དང་། རྡོག་ཐོ་དང་། མུར་རྫོག་བཞུས་ཏེེ་ཁ་སྣ་ནས་ཁྲ་དམར་ཐོན་གྱི་འདུག་རུང་ད་དུང་ཡ་ང་སྙིང་རྗེ་མེད་པར་འཐབ་འཛིང་གཏོང་གི་འདུག འཐབ་འཛིང་ག་ཚོད་བཏང་རུང་ངས་ནག་ཉེས་གང་ཡང་བྱས་མེད་ཚུལ་དང་། ང་ལ་མ་ཉེས་ཁ་གཡོག་བྱས་ཚུལ་སོགས་བརྗོད་དེ་ངོས་ལེན་རྩ་བ་རང་ནས་བྱེད་ཀྱི་མི་འདུག་ལ། འཐབ་འཛིང་ག་ཚོད་བཏང་རུང་འཇིགས་སྣང་སྤུ་ཙམ་ཡང་མི་འདུག སྐབས་དེ་དུས་ཀྱི་གནས་སྟངས་དེ་འདྲ་ཞིག་རེད། རྒྱ་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱས་རྗེས་དེ་འདྲའི་གནས་སྟངས་ཐབས་སྡུག་ཅིག་བྱུང་ཡོད།

ད་དུང་རྒྱ་དམར་གྱིས་བོད་ལ་བདེ་སྐྱིད་བྱུང་ཡོད་ཚུལ་རྫུན་གཏམ་སྒྲོག་པར་བྱེད་བཞིན་ཡོད་ལ། རྒྱ་དམར་གྱིས་དེང་སྐབས་བོད་རིགས་ན་གཞོན་རྣམས་བསམ་བློ་བཅོས་སྒྱུར་གཏོང་ཐབས་ཀྱི་ཐབས་ཤེས་སྣ་ཚོགས་བྱས་རུང་ནམ་ཡང་བོད་མི་རིགས་རྣམས་ཀྱི་བསམ་བློར་བསྒྱུར་བཅོས་གཏོང་མི་ཐུབ་པ་དེ་རེད།

རྒྱ་དམར་གྱིས་བོད་ནང་དུ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་བཙན་འཕྲོག་བྱས་པ་ཞིག་རེད། རྒྱ་དམར་གུང་ཁྲན་ཏང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་པའི་དུས་དེ་ནས་བཟུང་སྟེ་བོད་མི་རིགས་ལ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་བ་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་བདེ་སྐྱིད་ཀྱི་ཉི་མ་ཉིན་གཅིག་ཤར་མྱོང་མེད།

ལྷག་པར་བོད་མི་རིགས་ཀྱི་རྔུལ་ཆུ་ལས་བསྐྲུན་པའི་གནའ་བོའི་དགོན་རྙིང་བྱིན་ཅན་རིན་ཐང་བྲལ་བ་དུ་མ་ཞིག་གཏོར་བཤིག་བཏང་ཡོད། རིག་གནས་གསར་བརྗེའི་དུས་སྐབས་སུ་བོད་མི་རྣམས་ཁ་ཙམ་འགུལ་ཆོག་གི་མེད་ལ། གལ་སྲིད་ཁ་འགུལ་ཙམ་བྱས་ཚེ་མ་ཎི་འདོན་གྱི་འདུག་ཟེར་ནས་བྱ་རྒོད་ཤ་ལ་རོལ་བ་ནང་བཞིན་ཉེས་རྡུང་རག་གི་ཡོད། དེ་ཡང་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “ཁང་ཐོག་གི་དར་ལྕོག་རྣམས་བཀོག་པ་དང་། ལུས་སྟེང་དུ་གའུ་དང་སྲུང་མདུད་འདོགས་སུ་མི་འཇུག་པ། ཁྱིམ་ནང་གི་སྐུ་གསུང་ཐུགས་རྟེན་ཡང་སྦས་དགོས་པ། མངོན་སུམ་དུ་ཁ་འདོན་དགེ་སྦྱོར་དང་བསངས་གསོལ་བྱེད་མི་ཕོད་པ།” ཞེས་གསལ་བ་དང་། དེ་བཞིན་ཁྱིམ་མཚེས་དང་ཆ་ཤས་ཞེས་པའི་དེབ་ལས། “རྒྱན་ཆ་ཡོད་ཚད་གཞུང་བཞེས་བཏང་བ། དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བྱས་པ། སྐུ་གསུང་ཐུགས་རྟེན་གཏོར་བཅོམ་དང་མེར་བསྲེགས་པ། ཁ་བཏོན་དགེ་སྦྱོར་གྱི་ལས་ཕྲ་མོ་ཙམ་ཡང་བྱེད་མི་ཆོག་པ།” ཞེས་གསལ་དོན་ལྟར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ངན་པས་རྒྱ་གཞུང་གིས་ལས་འགུལ་གདུག་རྩུབ་ཅན་དེ་འདྲ་ཞིག་སྤེལ་ཡོད།

དེ་བཞིན་བོད་ཀྱི་རང་བྱུང་ཁམས་ཀྱི་སྣོད་བཅུད་ལ་གོད་ཆག་བསམ་ཡུལ་ལས་འདས་པ་བཏང་དང་གཏོང་བཞིན་ཡོད་པའི་རྐྱེན་གྱིས་བོད་ཀྱི་སྲིད་པ་ཆགས་པའི་གངས་རི་རྣམས་ཀྱང་བཞུ་འགྲོ་ཡི་ཡོད་པ་རེད། བོད་མི་རིགས་ནི་རང་བྱུང་ཁོར་ཡུག་ལ་གཅེས་པར་འཛིན་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་དེ་ལས་ལྡོག་སྟེ་བཙན་པོ་དབང་ཡོད་ཀྱི་ཐོག་ནས་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་རིན་ཐང་བྲལ་བའི་རིན་ཆེན་གཏེར་རིགས་རྣམས་རྒྱ་ནག་ཏུ་དབོར་འདྲེན་བྱེད་བཞིན་ཡོད་པ་ལས། གཏེར་ཁ་སྔོག་འདོན་གྱིས་བོད་མི་དམངས་ལ་ཕན་ཐོགས་སྣེ་གཅིག་ཡོང་གི་མེད། དེ་བཞིན་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེར་བཏང་བའི་དབང་གིས་དུས་ཐོག་ཆར་པ་མི་འབབ་པ་དང་། གློ་བུར་དུ་ཆུ་གློག་རྒྱུགས་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བཟོ་བཞིན་ཡོད། དེ་བཞིན་བོད་ཀྱི་གཙང་པོ་ཁག་ལ་ཆུ་རགས་རྒྱག་ཆེད་དུ་མཐའ་སྐོར་དུ་འཚོ་སྡོད་བྱེད་མཁན་རྣམས་ས་གནས་གཞན་དུ་བཙན་ཕུད་བཏང་དང་གཏོང་བཞིན་པ་སོགས་མི་སྤྱོད་ལས་འདས་པའི་ལས་དོན་བྱེད་ཀྱི་ཡོད།

རྒྱ་གཞུང་གིས་བོད་ནང་འོད་སྟོང་འབར་བའི་འཕེལ་རྒྱས་བཏང་ཡོད་ཚུལ་གྱི་འུར་སྒྲོག་བྱེད་བཞིན་ཡོད། རླངས་འཁོར་འགྲོ་སའི་གཞུང་ལམ་དང་། གྲོང་ཁྱེར་ཁག་ཏུ་ཁང་ཆེན་རེ་ཟུང་དུ་ཁྲ་ཁྲ་ཟིང་ཟིང་གི་རྣམ་པ་ཙམ་ཞིག་ལས་དོན་ངོ་མར་བོད་མི་རིགས་སྤྱིའི་ཕུགས་འདུན་ལ་ཕན་ཐོགས་ཡོད་པའི་ཡར་རྒྱས་གང་ཡང་བཏང་མེད་ལ། དེང་སྐབས་རྒྱ་གཞུང་གིས་བོད་ཁུལ་དུ་བོད་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་མི་འཇུག་པ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་བཙན་དབང་གི་ཐོག་ནས་སྒོ་རྒྱག་བཅུག་པ་སོགས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་ཁ་ནས་བོད་ནང་ཆོས་དད་རང་དབང་ཡོད་ཚུལ་སྒྲོག་གི་ཡོད་རུང་། དོན་ངོ་མར་སོ་སོའི་རྩ་བ་བླ་མའི་མཚན་ཙམ་སྨོས་ན་ལམ་སེང་བཙོན་འཇུག་དང་མནར་གཅོད་གཏོང་གི་ཡོད། ཁ་དོན་ཚིག་ལ་མི་གནས་པའི་རྒྱ་དམར་གཞུང་བཙུགས་ནས་མི་ལོ་དོན་ལྔའི་རིང་དུ་བོད་རིགས་རྣམས་ལ་དཀའ་སྡུག་ལས་བོད་མི་རིགས་ལ་བདེ་སྐྱིད་ཟེར་བ་ཉིན་གཅིག་ཀྱང་བྱུང་མེད་བརྗོད་ན་མི་ཆོག་རྒྱུ་ཅི་ཡང་མེད་དོ།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། དེ་བཞིན་བོད་གངས་ཅན་ལྗོངས་སུ་རང་དབང་གི་བདེ་སྐྱིད་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས། རང་ཉིད་ཀྱིས་བསམ་ཚུལ་འདི་ཉིད་མྱུར་སྟབས་ཀྱིས་བྲིས་པ་ཞིག་ཀྱང་ཡིན་ན་ནོར་འཁྲུལ་ཡོད་སྲིད་པས་དགོངས་པ་མ་འཚོམ་རོགས་གནང་ཞུ་རྒྱུ་དེ་ཡིན།