གོ་སྟོན་བསུ་ལ་ཉེ་མཚམས་རྒྱ་དམར་གྱི་འགོ་ཁྲིད་མཐོ་ཤོས་ཤིག་བོད་དུ་སླེབས་ཏེ་ཁ་བྲལ་རིང་ལུགས་པ་རྩ་མེད་བཟོ་དགོས་པར་བརྗོད་འདུག

༧གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་ཞུ་ལ་ཉེ་བའི་མཚམས་སུ་རྒྱ་ནག་གི་བདེ་སྲུང་འགོ་ཁྲིད་མཐོ་ཤོས་དེ་༧གོང་ས་མཆོག་གི་འཁྲུངས་ཡུལ་དུ་སླེབས་ཡོད་འདུག་པ་དང་། སྐབས་དེ་དུས་ཁོས་ཁ་བྲལ་རིང་ལུགས་པ་མེད་པ་བཟོ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག 

ཕྱི་ཚེས་༡༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གི་(the Central Political and Legal Affairs Commission)དབུས་ཆབ་སྲིད་དང་ཁྲིམས་ལུགས་ལས་དོན་ལྷན་ཁང་གི་དྲུང་ཆེ་(Chen Wenqing)ཁྲེན་ཝེན་ཆིང་ཟེར་བ་དེ་མཚོ་སྔོན་དང་ཡུ་གུར་ས་ཁོངས་སུ་ལྟ་སྐོར་ཕྱིན་ཡོད་འདུག་པ་དང་། ཁོས་ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་དང་རྩ་མེད་བཟོ་དགོས་པའི་སྐོར་གཏམ་བཤད་བྱས་ཡོད་འདུག ས་ཁུལ་དེ་དག་གི་ནང་ཉིན་གསུམ་རིང་ལྟ་སྐོར་དུ་ཕྱིན་ཡོད་འདུག་པ་དང་། སྐབས་དེར་ཁོས་མཚོ་སྔོན་ཞིང་ཆེན་ནི་ས་ཁམས་ཁོར་ཡུག་གི་ཐོག་ནས་དམིགས་བསལ་ཡིན་ཚུལ་དང་། ལྷག་ཏུ་ཡུ་གུར་དང་བོད་གཉིས་ཀྱི་བདེ་འཇགས་ཐད་མཚོ་སྔོན་ཞིང་ཆེན་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། རྒྱུ་མཚན་དེ་ལ་བརྟེན་ནས་ཁ་བྲལ་རིང་ལུགས་པ་ངོ་རྒོལ་དང་མེད་པ་བཟོ་དགོས་ཚུལ་བརྗོད་ཡོད་འདུག དེ་དང་འབྲེལ་ཏེ་རྒྱ་ནག་གི་(Xinhua)་ཤིན་ཧཱ་གསར་ཁང་གིས། དམར་ཤོག་བདེ་སྲུང་དྲུང་ཆེ་དེ་ཡུ་གུར་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ནང་དུ་ཡོད་པའི་ས་ཆ་གནད་འགག་ཅན་འགའ་ཤས་ལ་ལྟ་སྐོར་ཕྱིན་ཡོད་པར་བརྗོད་འདུག 

ཁོ་མཚོ་སྔོན་དུ་སླེབ་དུས་རྒྱལ་སར་ཕྱིན་ཞིང་།  སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བ་དང་། གཞན་བོད་པ་ཡོད་པའི་ཞིང་ཆེན་གཞན་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་གང་འདྲ་བྱེད་དགོས་མིན་དང་། ཁ་བྲལ་བ་ལ་རྡུང་རྡེག་གང་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་གཏམ་བཤད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག དེ་བཞིན་མཚོ་སྔོན་ཞིང་ཆེན་ནང་དུ་ཡོད་པའི་བདེ་སྲུང་མི་སྣ་ཚོ་ལ་ཛ་དྲག་གི་གནས་ཚུལ་འབྱུང་དུས་གྲ་སྒྲིག་ག་རེ་བྱེད་དགོས་མིན་དང་། བོད་པའི་ཁ་བྲལ་བ་རྣམས་ཁ་གཏད་གང་འདྲ་གཅོག་དགོས་མིན་གྱི་སྐོར་གཏམ་བཤད་བྱས་ཡོད་པར་བརྗོད་འདུག དམར་ཤོག་དྲུང་ཆེའི་ལྟ་སྐོར་དེ་༧གོང་ས་མཆོག་གི་གོ་སྟོན་བསུ་ལ་ཉེ་བའི་སྐབས་འདིར་ཕྱིན་ཡོད་འདུག་ཅིང་། འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་རམ་གོ་སྟོན་གྱི་སྐབས་སུ་གལ་སྲིད་༧གོང་ས་མཆོག་ནས་མ་འོངས་ཡང་སྲིད་ཀྱི་སྐོར་གསལ་བསྒྲགས་ཤིག་གནང་ཚེ། དེ་དང་འབྲེལ་ནས་བོད་ནང་དུ་ཞི་བའི་ངོ་རྒོལ་ཡོང་རྒྱུའི་ཉེན་ཁ་མཐོང་གི་ཡོད་པར་བརྗོད་འདུག དེ་བཞིན་༧གོང་ས་མཆོག་གི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་དེའི་ནང་དུ། མ་འོངས་པར་སྐུའི་ཡང་སྲིད་དེ་རྒྱ་ནག་གི་ཕྱི་ཕྱོགས་རང་དབང་ལུང་པ་ཞིག་གི་ནང་འཁྲུངས་རྒྱུ་ཡིན་ཞེས་གསུངས་པ་དེས་བོད་ནང་བརྟན་ལྷིང་མེད་པ་ཆགས་ཡོང་བསམ་པའི་སེམས་ཁྲལ་ཡོང་གི་ཡོད་པར་བརྗོད་འདུག 

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་སུ་ཡིན་ནའང་ངེས་པར་དུ་རྒྱ་ནག་གཞུང་གི་ཆོག་མཆན་དང་བཀའ་འཁྲོལ་ཡོད་པའི་ཐོག་ནས་ངོས་འཛིན་བྱེད་དགོས་པར་བརྟེན། ༧གོང་ས་མཆོོག་གི་ཡང་སྲིད་དེ་ཡང་རྒྱ་ནག་གིས་ངོས་འཛིན་དང་བསྐོ་བཞག་བྱེད་དགོས་པར་བརྗོད་འདུག་ལ། གཞན་ཡང་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་ཁྲོད་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་བར་ཕན་ཚུན་ངོས་འཛིན་བྱེད་སྲོལ་ཡོད་ཅིང་། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་དེ་ཡང་ད་ལྟ་རྒྱ་ནག་གིས་པཎ་ཆེན་སྐུ་ཕྲེང་༡༡ པ་ཡིན་ཚུལ་བརྗོད་ནས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུས་ངོས་འཛིན་བྱེད་དགོས་པར་བརྗོད་འདུག ཟླ་བ་འདིའི་ཚེས་༦ ཉིན་རྒྱལ་མཚན་ནོར་བུ་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་དང་ཐུག་ཡོད་པ་དང་། ཞིན་ཅིང་ཕིང་གིས་རྒྱལ་མཚན་ནོར་བུའི་ངོས་ནས་མ་འོངས་པར་བོད་ཀྱི་ཆོས་ལུགས་ཁྲོད་དུ་ཡོད་པའི་ལམ་དང་ལུགས་སྲོལ། མི་རིགས་ཕན་ཚུན་བར་མཐུན་སྒྲིལ་ཡོང་ཐབས་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་འདུན་ཞུས་ཡོད་ཚུལ་བརྗོད་འདུག་ལ། དེ་བཞིན་རྒྱལ་མཚན་ནོར་བུ་ཡིས་ཀྱང་ཞིན་ཅིང་ཕིང་གི་དགོངས་པ་དང་། དམར་ཤོག་ཚོགས་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།