དམར་ཤོག་ཚོགས་པའི་ནག་ཉེས་ཕྱོགས་གང་སར་ནས་ཟིན་ཐོ་རུ་འགོད་དགོས།

ཤར་ཡུ་རོབ་ཀྱི་ཞི་བའི་གསར་བརྗེའི་དུས་དྲན་ཐེངས་ཉེར་ལྔ་པ་དྲན་གསོའི་ཆེད་འཇར་མན་གྱི་སྲིད་འཛིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལྔར་འཚམས་འདྲིར་བསྐྱོད་ཡོད་པ་དང་། ཁོང་གིས་སྲིད་དབང་གཅིག་སྡུད་ལམ་ལུགས་ལྷོད་ཡངས་གཏོང་རྒྱུའི་བསམ་བློ་མེད་པ་ཡིན་ན། ཧེ་ཐི་ལར་དང་དམར་ཤོག་ཚོགས་པའི་ནག་ཉེས་གཉིས་དཔེ་བསྡུར་འོས་པ་ཞིག་རེད་ཅེས་བརྗོད་འདུག

རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དྲུག་བཞི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་སྟེ་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའི་སྐབས་འདིར། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སོ་སོའི་ནང་དུའང་དྲུག་པའི་ཚེས་བཞི་ནས་འགོ་བཙུགས་ཏེ་ཤར་ཡུ་རོབ་ཀྱི་ཞི་བའི་གསར་བརྗེའི་དུས་དྲན་ཐེངས་ཉེར་ལྔ་པ་སྲུང་བརྩི་བྱེད་བཞིན་པ་ལྟར། འཇར་མན་གྱི་སྲིད་འཛིན་ཧེ་གྷི་(Highg) དྲུག་པའི་ཚེས་བཞི་ཉིན་པོ་ལན་ཌི་(Poland) རུ་འབྱོར་ཏེ་ཐོག་མའི་དུས་དྲན་ལས་འགུལ་ནང་ཞུགས་པ་དང་། དྲུག་པའི་ཆེས་བཅུ་དྲུག་ཉིན་སྲིད་འཛིན་ཧེ་གྷེ་བསྐྱར་དུ་ཧང་གྷ་རི་(Hungary) རུ་ནཱ་རྗེབ་དུར་འཇུག་བྱས་ཏེ་མི་ལོ་ཉེར་ལྔ་འཁོར་བའི་དྲན་གསོའི་མཛད་སྒོ་རུ་མཉམ་ཞུགས་བྱས།

འཇར་མན་གྱི་སྲིད་འཛིན་ཧེ་གྷི།
འཇར་མན་གྱི་སྲིད་འཛིན་ཧེ་གྷི།

ཧང་གྷ་རི་ཡི་སྲིད་བློན་ཟུར་པ་ནཱ་རྗིབ་(Najib) ཀྱིས་ཧང་གྷ་རི་མི་མང་གིས་དམར་ཤོག་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་སྐབས་གདུང་སེམས་མཉམ་བསྐྱེད་བྱས་པའི་རྐྱེན་གྱིས། ཧང་གྷ་རི་ཡི་དོན་རྐྱེན་རྗེས་ཀྱི་ང་བརྒྱད་ལོའི་ཕྱི་ཚེས་བཅུ་དྲུག་ཉིན་སྲོག་ཁྲིམས་བཅད། གྱ་དགུ་ལོར་ཧང་གྷ་རི་རུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་ཤུགས་ཆེན་བྱུང་སྐབས་ཁོང་ལ་མི་མང་གི་དགའ་མོས་ཐོབ་པ་མ་ཟད། ལོ་དེའི་དྲུག་པའི་ཚེས་བཅུ་དྲུག་ཉིན་བསྐྱར་དུ་དུར་འཇུག་དང་མྱ་ངན་འདུ་ཚོགས་འཚོགས་ཏེ། དྲུག་པའི་བཅུ་དྲུག་ཉིན་ནི་ཧང་གྷ་རི་ཡི་དམར་ཤོག་ཚོགས་པ་མགོ་རྟིང་སློག་པར་མཚོན་དོན་གྱི་ཉིན་མོ་ཞིག་ཏུ་གྱུར།

ཧང་གྷ་རི་ཡིས་ཤར་ཡུ་རོབ་ཏུ་དམར་ཤོག་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་ཞི་བདེ་དང་གསར་བརྗེའི་ལམ་དུ་བསྐྱོད་པའི་ལོ་རྒྱུས་ཁྲོད་དམིགས་བསལ་གྱི་ལེགས་སྐྱེས་ཤིག་ཕུལ་ཡོད་པ་དང་། གྱ་དགུ་ལོའི་སྟོན་ཁར་ཧང་གྷ་རི་ཡིས་སྐབས་དེར་དམར་ཤོག་ཡིན་པའི་ཤར་འཇར་མན་(GDR) གྱི་མི་རྣམས་ཨོ་སི་ཁྲུ་རི་ཡ་(Austria) རུ་བྲོས་བྱོལ་འགྲོ་སའི་མཐའ་མཚམས་སྒོ་ཕྱེས་ཏེ། དུས་དེ་བཟུང་ཤར་འཇར་མན་གྱི་མི་ཁྲི་ལྔ་ལྷག་ནུབ་འཇར་མན་དུ་བདེ་བླག་ངང་བྲོས་ཐུབ་པ་བྱུང། དེའི་རྗེས་སུ་ཤར་འཇར་མན་ཏུའང་ཞི་བའི་གསར་བརྗེའི་ལས་འགུལ་འགོ་བཙུགས་ཏེ། མཇུག་མཐར་བྷར་ལི་ལྕགས་རི་(Berlin Wall) གཏོར་ཐུབ་པ་བྱུང་ཡོད། དྲུག་པའི་བཅུ་དྲུག་ཉིན་གྱི་དུས་དྲན་མཛད་སྒོའི་སྟེང་དུ་ད་དུང་ཧང་གྷ་རི་དང་ཆེག་སྤྱི་མཐུན་རྒྱལ་ཁབ།(Czech Republic) པོ་ལན་ཌི།(Poland) སི་ལོ་ཝ་ཁི་ཡ་(Slovakia) སོགས་རྒྱལ་ཁབ་བཞིའི་སྲིད་འཛིན་མཉམ་ཞུགས་བྱས་ཡོད་པ་རེད།

ཉིན་གཉིས་ཀྱི་འཚམས་འདྲིའི་ནང་སྲིད་འཛིན་ཧེ་གྷི་ཡིས་ཉིན་དང་པོའི་མཚན་མོར་རྒྱལ་ཁབ་དེའི་ད་ལྟའི་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་གྱི་མི་སྣར་མཇལ་འཕྲད་བྱས། ཉིན་གཉིས་པར་ནཱ་རྗིབ་དྲན་གསོ་ཁང་དང་ཧང་གྷ་རི་ཡི་ང་དྲུག་ལོར་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་དུར་སར་མེ་ཏོག་ཕུལ་པ་དང་། ལྷག་པར་དུ་ཧང་གྷ་རི་ཡིས་འཇར་མན་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཧང་གྷ་རི་ཡིས་དེ་སྔོན་ཧེ་ཐི་ལར་(Hitler) དང་དམར་ཤོག་ཚོགས་པ་གཉིས་ཀྱི་དྲག་པོའི་དབང་བསྒྱུར་འོག་དཀའ་སྡུ་མྱོང་བའི་ “འཇིགས་སྐུལ་དབང་བསྒྱུར་གྱི་དྲན་རྟེན་ཁང་” ཞེས་པར་ལྟ་བསྐོར་རུ་བསྐྱོད་པའི་སྐབས། མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཡོད་པ་རེད།

སྲིད་འཛིན་ཧེ་གྷི་ཡིས་གསར་འགོད་ལྷན་ཚོགས་ཐོག། ང་ཚོ་ཡང་ཤར་ཡུ་རོབ་ནས་སླེབས་པའི་མི་རེད། ལྷག་པར་དུ་ལམ་ལུགས་གཉིས་ཀྱིས་བཙན་གནོན་གྱི་ལོ་རྒྱུས་བརྒྱུད་མྱོང་བ་དང་། ང་ཚོར་དེའི་སྐོར་བཤད་རྒྱུའི་འགན་འཁྲི་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་ཉིན་མོ་འདི་ང་ཚོ་ཚང་མས་ངོས་འཛིན་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། མི་ཁ་ཤས་ཀྱིས་ན་རྫི་(Nazi) ཡི་ནག་ཉེས་དམར་ཤོག་ཚོགས་པའི་ཉེས་པ་ལས་ལྕི་བ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟ་བུའི་སྲིད་དབང་གཅིག་སྡུད་མི་འདྲ་བ་གཉིས་བསྡུར་སྐབས་ལྟོས་འཇོག་གི་ཚབས་ཆེའི་ཚད་གཞི་ཉུང་འཕྲིའི་བསམ་བློ་མེད་པ་ཡིན་ན་ད་གཟོད་འབྲས་བུ་ཐོན་ཐུབ། ང་ཚོས་མང་གཙོའི་འཆར་གཞི་ལག་བསྟར་བྱེད་སྐབས་རིག་པ་དྭངས་གསལ་དགོས་པ་མ་ཟད་དེར་སྲུང་སྐྱོབ་བྱེད་དགོས། རྒྱུ་མཚན་ནི་སི་ཏཱ་ལི་(Stalin) ལྟ་བུའི་སྒེར་གཅོད་ཀྱིས་ཡོངས་གྲགས་ཐོག་དྲག་པོའི་འཇིགས་སྐུལ་འོག་སྤྱི་ཚོགས་མགོ་རྟིང་སློག་པ་མ་ཟད། སི་ཏཱ་ལའི་ལྟ་བུའི་འཇིགས་སྐུལ་པས་རང་ཉིད་མང་གཙོའི་རྒྱལ་ཁབ་ཅིག་ཏུ་རྫུས་ཡོད་ཅེས་དང་། སྤྱི་ཚོགས་རང་ལུགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་བྱ་སྤྱོད་དེ་ཟིན་ཐོར་བཀོད་ཙམ་མ་ཡིན་པར། ངེས་པར་དུ་ཆབ་སྲིད་དང་རྩོམ་རིག བརྒྱུད་ལམ་སོགས་ཕྱོགས་ཐམས་ཅད་ནས་ཟིན་ཐོ་རུ་འགོད་དགོས་ཞེས་སོགས་བརྗོད་ཡོད་པ་རེད།།

Share this:

Leave a Reply