དམིགས་ཡུལ་དོན་ཐོག་ཏུ་འཁྱོལ་དགོས།

ཆེད་བརྗོད།

ཕྱི་ལོ་༢༠༢༣ ཟླ་༡ ཚེས་༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་དབུས་གཞུང་ཁྲིམས་ཀྱི་བློན་ཆེན་དང། བྷི་ཧར་མངའ་སྡེའི་བློན་ཆེན་གཅིག ལས་གཞི་འདིའི་འབྲེལ་ཡོད་འགན་ཁུར་བ་བཀའ་ཟུར་བསྟན་པ་ཚེ་རིང་དང། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ཡོད་པ་རེད། ལས་འཆར་འདི་ནི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་གི་བཞི་པ་དང་འབྲེལ་ནས་བྱུང་ཞིང་། ༧གོང་ས་མཆོག་གི་དགོངས་གཞི་བཞིན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་སྤྱི་ཡོངས་ལ་སྨན་པའི་བསྟན་པ་སྤྱི་བཙན་གྱི་ལས་དོན་གལ་ཆེན་པོ་ཞིག་ཏུ་འགྱུར་དགོས་པ་ལས། སྐུ་འཁོར་ཉེ་གནས་རེ་ཟུང་ཙམ་གྱི་སྒེར་གྱི་ཁེ་ཕན་སྒྲུབ་ཡུལ་གང་ཟག་སྒོས་བཙན་དུ་འགྱུར་མི་རུང་བ་ནི་ཧ་ཅང་གལ་ཆེ།

ལས་འཆར་འདིའི་མཚན་ཐོག་མར་ནཱ་ལེནྡྲའི་སློབ་གཉེར་ཁང་ཡིན་པ་ཞིག་གོ་ཐོས་བྱུང་ཡང་། ད་ལྟ་དངོས་སུ་ལས་འཆར་ལག་བསྟར་འགོ་འཛུགས་གནང་སྐབས་མཚན་གོང་དུ་འཁོད་པ་བཞིན། “༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་”ཞེས་མཚན་གསོལ་གནང་འདུག གང་ལྟར་ལས་འཆར་འདི་ལ་རྒྱ་གར་གཞུང་གིས་མཐུན་འགྱུར་དང་རོགས་རམ་གནང་གི་ཡོད་འདུག་པ་དང་། ༧གོང་ས་མཆོག་གི་དགོངས་གཞི་བཞིན་དགའ་ལྡན་ཕོ་བྲང་གིས་ཐུགས་འགན་བཞེས་ནས་ལས་འཆར་ཕྱག་བསྟར་གནང་གི་ཡོད་པས། འགྲོ་སོང་གི་ཆ་ནས་ཧིན་སྒོར་བྱེ་བ་ལྔ་བརྒྱ་དྲུག་བརྒྱའི་ལས་འཆར་ཞིག་ཡིན་ཡང་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་མེད་པར་འགྲུབ་ཐུབ་ངེས་རེད། ད་ལྟའི་དུས་འདིར་ནང་པ་སངས་རྒྱས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་དོ་སྣང་བྱེད་མཁན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡོང་གི་ཡོད་པས། ནང་པ་སངས་རྒྱས་པའི་བསྟན་པའི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དུ་རྟེན་གཞི་འདི་ལྟ་བུ་ཞིག་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོ་རེད།

འཛམ་གླིང་སྤྱི་ཡོངས་ནས་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་མང་ཤོས་དང། གཉིས་པ་ཁ་ཆེའི་ཆོས་ལུགས། གསུམ་པ་ཧིན་དུའི་ཆོས་ལུགས། ཨང་བཞི་པ་ནང་པ་སངས་རྒྱས་པའི་ཆོས་ལུགས་བཅས་ཡིན་ཞིང་། རྗེས་འབྲངས་པ་མང་ཉུང་གི་ཐོག་ནས་བཤད་ན་ཧིན་དུའི་ཆོས་ལུགས་དར་ཡུལ་གཙོ་བོ་རྒྱ་གར་དང་བལ་ཡུལ་ཡིན་པ་ལས། རྒྱལ་ཁབ་གཞན་དུ་ཅུང་ཙམ་རེ་ལས་དར་ཁྱབ་ཆེན་པོ་བྱུང་མེད། ནང་པའི་རྗེས་འབྲངས་ཧིན་དུའི་ཆོས་ལུགས་ལས་ལྡབ་གཅིག་དང་ཕྱེད་ཙམ་གྱིས་ཉུང་ཡང་། རྒྱལ་ཁབ་མང་ཉུང་གི་ཐོག་ནས་བཤད་ན་ཧིན་དུའི་ཆོས་ལུགས་ལས་ནང་པ་དར་ཡུལ་མང་བ་མ་ཟད། རྒྱ་ནག་གིས་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་གྱི་ཐོག་ནས་བཤད་ཀྱང་ཧིན་དུའི་ཆོས་ལུགས་ལས་ནང་པ་ཤུགས་རྐྱེན་ཆེ་བ་གསལ་པོ་ཡིན་པས། ལས་འཆར་འདི་ནི་ནང་པའི་ཆོས་ལུགས་ཙམ་མ་ཡིན་པར་རྒྱ་གར་རྒྱལ་ཁབ་ལའང་ཕན་ཐོགས་ཆེ་བའི་ལས་འཆར་ཞིག་ཡིན་པས། ཕྱོགས་གང་ནས་བལྟས་ཀྱང་རྒྱ་གར་གཞུང་གིས་ཀྱང་གལ་ཆེན་པོར་མི་བརྩི་ཀ་མེད་དུ་གྱུར་ཡོད།

ལས་འཆར་འདིའི་སྐོར་ཐོག་མ་༧གོང་ས་མཆོག་གིས་“སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་བྱས། གནས་རྩ་ཆེན་པོ་ཞེ་དྲག་རེད། དེའི་ཉེ་འདབས་སུ་ནཱ་ལེནྡྲའི་ཆོས་བརྒྱུད་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་བསྡད་པ་ཞིག ངས་དེ་འདྲ་ཞིག་བསམ་བློ་གཏོང་གི་ཡོད་རེད། ས་གནས་གཞུང་གིས་ཐུགས་ཁུར་ཞེ་བོ་ཞིག་བཞེས་ཀྱི་འདུག དེ་ནས་ང་ཚོས་སྲིད་སྐྱོང་གིས་ཀྱང་། སྔོན་མ་དེའི་སྐོར་ངེད་གཉིས་སྐད་ཆ་བྱུང་བ་རེད། སེམས་ཤུགས་འཕར་བྱས། དེའི་སྒང་ལ་རྐང་ལས་ཀ་བྱེད་ཀྱི་ཡོད་རེད། ད་རིམ་པས་རིམ་པས་བཅོམ་ལྡན་འདས་སངས་རྒྱས་པའི་གནས་རྩ་ཆེན་པོ་ཡིན་པ་སོང་ཙང་། དེའི་ཉེ་འདབས་ལ་སྔོན་གྱི་ནཱ་ལེནྡྲ་སྐད་གྲགས་ཡོད་བསྡད་པ་དེ། ནཱ་ལེནྡྲ་གཉིས་པ་ཞིག ཤེས་ཡོན་གྱི་སྡེ་ཚན་ཞིག ཆོས་ཕྱོགས་གཅིག་པུ་མིན་པ་བྱས། སློབ་སྦྱོང་བྱེད་ས་ཞིག་འཛུགས་རྒྱུའི་བང་ཞིག་སྒྲིག་གི་ཡོད་རེད།”ཅེས་ཕྱི་ལོ་༢༠༢༠ ཟླ་དང་པོའི་ནང་བཀའ་གནང་བ་བརྙན་ལམ་དུ་མཇལ་རྒྱུ་ཡོད་ཀྱང་། ད་ལྟའི་ཆར་ལས་གཞི་དེའི་མཚན་དང་འགན་འཁུར་མཁན་ལ་འགྱུར་བ་སོང་ཟིན་པ་རེད།

མདོར་ན་ལས་འཆར་གལ་ཆེན་པོ་དེ་ལ་མཚོན་ན་མཚན་དང་འགན་འཁུར་མཁན་ལ་འགྱུར་བ་སོང་བ་ནི་གནད་འགག་གཙོ་བོ་ཞིག་མ་ཡིན་པར། མ་འོངས་པར་གྲུབ་འབྲས་ཡག་པོ་ཞིག་འཐོན་ཐུབ་མིན་དེ་གནད་འགག་གཙོ་བོར་གྱུར་ཡོད། གོང་དུ་བརྗོད་པ་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་དང་༧གོང་ས་མཆོག་གི་དགོངས་གཞི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཐོག་ནས་འགན་འཁུར་བཞིན་ཡོད་པས། ལས་དོན་དེ་ལེགས་འགྲུབ་མི་ཡོང་བའི་དཀའ་ངལ་གང་ཡང་མེད་ནའང་། འགན་འཁུར་མཁན་རེ་ཟུང་གིས་ལས་འཆར་གལ་ཆེན་པོ་དེའི་དམིགས་ཡུལ་གང་ཡོད་པ་དེ་གཞིར་བཟུང་གྲུབ་འབྲས་འཐོན་ཐབས་བྱ་རྒྱུ་གཙོ་བོར་མ་བཟུང་པར། ལས་འཆར་དེ་དང་འབྲེལ་འཕྲལ་ཕུགས་གང་ཐད་ནས་སྒེར་གྱི་ཁེ་ཕན་ལེན་ཐབས་སུ་ཁ་ཕྱོགས་བསྒྱུར་མ་སོང་ན། ༧གོང་ས་མཆོག་གི་ཐུགས་བསྐྱེད་བཞིན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ལ་ཕན་ཐོགས་ཡོད་པ་དང་། རྒྱ་གར་གཞུང་དང་མི་མང་ལ་དེ་བས་ཀྱང་ཕན་ཐོགས་ཆེ་བའི་ལས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།།

Share this:

Leave a Reply