དུས་དབང་ཞུ་མཁན་ཚོ་འདུན་པ་གཅིག་གྱུར་གྱི་ཐོག་ནས་རྡོ་རྗེ་སྤུན་གྲོགས་རེད་ཅེས་བཀའ་སློབ་གནང་།

 ཟླ་འདིའི་ཚེས་༡༤ ཉིན་གྱི་ཞོགས་པ་རྡོར་གདན་གསུང་ཆོས་ར་བའི་ནང་༧གོང་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་འགྲོལ་གྱི་རྗེས་གནང་བསྩལ་བ་དང་རྒྱ་ནག་གི་གནོན་ཤུགས་འོག་བོད་ནས་ཆོས་ཞུ་བ་ཕྱིར་ལོག་བྱེད་དགོས་བྱུང་བར་ཁོང་ཐུགས་སྐྱོ་པོ་བྱུང་སྐོར་དང་། ཁོང་ཚོར་དབང་ཐོབ་ཀྱི་ཡིན་སྐོར་གྱི་བཀའ་སློབ་གནང་སོང་།

15995529_1210587119019739_2109377338_n༧གོང་ས་མཆོག་གིས་མཐུན་པ་ཟེར་བ་བརྩེ་བས་བཟོ་དགོས་སྐོར་དང་འབྲེལ་ནས་བཀའ་སློབ་གནང་དོན། “བོད་ནང་དང་རྒྱ་ནག འཛམ་གླིང་ས་ཕྱོགས་གང་ལ་ཡོད་ནའང་། དུས་འཁོར་དབང་ཆེན་ལ་ཉན་སྡོད་མཁན་ཚོ་ཚང་མ་ས་ཆ་གཅིག་ལ་འཛོམས་ཡོད་མ་རེད་དེ། འདུན་པ་གཅིག་གྱུར་གྱི་ཐོག་ནས་རྡོ་རྗེ་སྤུན་གྲོགས་ཆགས་བསྡད་ཡོད་པ་རེད། བོད་ནང་ཡོད་མཁན་ཁྱེད་རང་ཚོ་མཐུན་པོ་གྱིས། རྐྱེན་ཆུང་ཚགས་ཐོག་ང་ཚོ་དང་ཁོང་ཚོ་ཟེར་བའི་བློ་སླེབས་ཡོང་སྐབས། ང་ཚོ་དུས་འཁོར་དབང་ཆེན་ཞུས་པའི་རྡོ་རྗེ་སྤུན་གྲོགས་གཅིག་པ་ཡིན་བསམ་ནས་སེམས་ནང་ང་རྒྱལ་དང་ཕྲག་དོག་ཕར་བཅགས་ནས་ཐུགས་མཐུན་ཁྲིམས་གཙང་མ་དགོས་པ་གལ་ཆེན་པོ་རེད། ང་ཚོ་བོད་པར་མཚོན་ན་མི་གྲངས་ཉུང་ཉུང་རེད། ས་ཡ་དྲུག་རེད། དཀའ་ངལ་གྱི་དུས་ཚོད་ལ་བསྡད་ཡོད་པ་རེད། རིམ་པས་འགྱུར་བ་འགྲོ་ཡི་རེད། འདས་པའི་ལོ་༦༠ ནང་རྒྱ་ནག་ལ་འགྱུར་འགྲོ་ཡི་འདུག བོད་ལ་འགྱུར་བ་འགྲོ་ཡི་རེད། གཞན་གཅེས་པར་བཟུང་ནས་འགྱུར་བ་འགྲོ་ཡ་ཁག་པོ་རེད་དེ། རང་དོན་ལ་བསམ་བློ་བཏང་ན། དངོས་ཡོད་གནས་ཚུལ་ལ་བསམ་བློ་བཏང་ན། མི་ལ་དབང་ཡོད་དང་བཙན་དབང་བྱས་ན། དཔེར་ན་ད་ཐེངས་རྒྱ་གར་དུ་དུས་འཁོར་དབང་ཆེན་ཞུ་རུ་ཡོང་མཁན་ཚོར་གནོན་ཤུགས་སྤྲད། ས་གནས་ཀྱི་དཔོན་པོ་ཁ་ཤས་ཀྱིས་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་དེ་ཁྲིམས་འགལ་རེད་ཅེས་བཤད་འདུག ཁྲིམས་དེ་གང་ལ་བརྩི་དགོས་རེད། མཐར་གཏུགས་ན་དཔོན་པོ་དབང་ཆ་ཡོད་མཁན་གྱི་སྣང་བར་སོང་ན་ཁྲིམས་རེད། ཁོ་རང་སྣང་བར་མ་སོང་ན་ཁྲིམས་འགལ་རེད། དེ་ཆོབ་ཅིག་མི་འདུག དེ་འདྲའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་”ཅེས་བཀའ་སློབ་གནང་སོང་།

16117381_1210591665685951_263976515_nདེ་བཞིན་༧གོང་ས་མཆོག་གིས་བོད་ནས་ཡོང་མཁན་ཚོས་དབང་ཞུ་མ་ཐུབ་པར་རྒྱ་ནག་གིས་གནོན་ཤུགས་འོག་ཕྱིར་ལོག་དགོས་བྱུང་བ་དང་འབྲེལ་ནས་གསུང་དོན། “ཁ་སང་སེམས་པ་སྐྱོ་པོ་བྱུང་། བོད་ནས་ཡོང་མཁན་ཚོ་ཕར་མ་ལོག་ན་གནོན་ཤུགས་སྤྲད། ཁྱིམ་ཚང་ལ་དཀའ་ངལ་འཕྲད་ཀྱི་རེད་བསམ་པ་དཀའ་ངལ་གཅིག་རེད། འདིར་དུས་འཁོར་དབང་ཆེན་ཞུ་འདོད་བྱུང་བ་རེད། ངས་ཁྱེད་ཚོས་སེམས་ཁྲལ་མ་བྱེད། ཕར་ལོགས་སོང་ལབ་ཡིན། དུས་འཁོར་དབང་ཆེན་ངས་ཁྱེད་ཚོ་ཚང་མ་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག དབང་ཐོབ་ཀྱི་རེད། ཕར་ནང་ལ་དཀའ་ངལ་འཕྲད་ན་ཡག་པོ་ཡོད་པ་མ་རེད་ལབ་ཡིན། དེ་ནས་མང་པོ་ཞིག་ཕར་ལོག་པ་རེད། ཁོང་ཚོ་སེམས་པ་སྐྱོ་སྟེ་མིག་ཆུ་བཏང་ནས། ང་རང་ཡང་སེམས་པ་སྐྱོ་པོ་བྱུང་། དེ་འདྲས་གནོན་ཤུགས་ཀྱིས་སུ་གཅིག་ལ་ཕན་གྱི་མ་རེད། མི་སེམས་མ་སྐྱིད་པ་བཟོས་པ་རེད། ཕྱོགས་གཅིག་ནས་འཆམ་མཐུན་དང་། བརྟན་ལྷིང་དགོས་རེད་ཟེར་གྱི་ཡོད་པ་རེད་དེ། བྱེད་སྟངས་དེ་ཚོས་འཆམ་མཐུན་དང་བརྟན་ལྷིང་མ་ཡོང་བའི་ལས་ཀ་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།

16111190_1210587099019741_712914289_n༧གོང་ས་མཆོག་གིས་བོད་མི་རྣམས་ད་ལྟ་དཀའ་ངལ་འོག་ཡོད་པ་དང་འཆམ་མཐུན་དགོས་སྐོར་དང་འབྲེལ་ནས་བཀའ་སློབ་གནང་དོན། “ང་རང་ཚོ་གནས་སྟངས་འདི་འདྲ་འོག་ཡོད་དུས། ཐུགས་མཐུན་ཁྲིམས་གཙང་དགོས་རེད། ཆོལ་ཁའི་འཐེན་འཁྱེར་ཁམས་པ་དང་ཨ་མདོ། དབུས་གཙང་། མངའ་རིས་ཟེར་བའི་སྐད་ཆ་མ་བཤད། དེ་ཚོ་ཆུང་ཚགས་རེད། དེ་བཞིན་མི་རིགས་འགལ་ཟླ་རྒྱ་དང་བོད་ཟེར་བ་མི་དགོས་པ་ཞིག་རེད། བར་ལམ་ནས་མི་རིགས་འགལ་ཟླའི་སྐད་ཆ་སླེབས་ཡོང་གི་འདུག་”ཅེས་དེའི་རིགས་མ་ཡོང་བ་དགོས་སྐོར་དང་སེམས་པ་བཟང་པོ་དང་འཆམ་མཐུན་དགོས་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་ཆོས་བརྒྱུད་མཐུན་སྒྲིལ་དགོས་སྐོར་དང་འབྲེལ་ནས་གསུང་དོན། “ཆོས་ལུགས་ཀྱི་འཐེན་འཁྱེར་ང་ཚོ་རྙིང་མ་པ་ཡིན། ང་ཚོ་ས་སྐྱ་པ་ཡིན། ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་དགེ་ལུགས་པ་ཡིན། ང་ཚོ་ཇོ་ནང་པ་ཡིན་ཞེས་འཐེན་འཁྱེར་བྱེད་པ་ཀླད་པ་ཆུང་ཐག་ཆོད་རེད། དོན་དག་ཡག་པོ་བསམ་བློ་བཏང་ན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མ་ཕྱོགས་གཅིག་ནས་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་རེད། གཉིས་ནས་ཐོག་མེད་དང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཤ་སྟག་ཆགས་ཡོད་པ་རེད་”ཅེས་བཀའ་སློབ་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།