དུས་དབང་ལ་འདུན་པ་ཡོད་མཁན་ཚང་མ་དབང་འོག་ཏུ་བཅུག་ཡོད།

ཟླ་འདིའི་ཚེས་༡༡ ཉིན་རྡོར་གདན་དུ་༧གོང་ས་མཆོག་གིས་དུས་དབང་ཉིན་དང་པོའི་སྔ་དྲོར་སྒྲུབ་བཞག་ཞལ་འདོན་གནང་བ་དང་། ཕྱི་དྲོར་དུས་འཁོར་གྱི་བཀའ་དབང་དབུ་འཛུགས་ཞུས་ཡོད་པ་རེད།

15995808_1207743682637416_1528780408_n༧གོང་ས་མཆོག་གིས་དུས་དབང་ལ་འདུན་པ་ཡོད་མཁན་ཚང་མ་དབང་འོག་ཏུ་བཅུག་ཀྱི་ཡོད་སྐོར་དང་འབྲེལ་བཀའ་སློབ་གནང་དོན། “དེ་རིང་འདིར་རྒྱ་ནག་དང་བོད་ནང་ནས་མང་པོ་ཞིག་གིས་དོན་གཉེར་བྱས་ནའང་། ཚུར་ཕེབས་མ་ཐུབ་པའི་དཀའ་ངལ་ཞིག་འདུག དེ་ཚོ་ངས་འདི་ནས་དམིགས་འོག་ཏུ་བཅུག ས་གནས་ས་ཐོག་ཏུ་ཡོད་མཁན་ཚོས་དད་པ་དང་འདུན་པ་ཤུགས་དྲག་སྐྱེས་ནས་བསམ་བློ་བཏང་ན་དབང་ཐོབ་ཀྱི་རེད་ཅེས་ངས་ལབ་བསྡད་ཡོད་”ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “དེང་སྐབས་འཕྲུལ་ཆས་ཡོ་ཆས་ལ་བརྟེན་ནས་ས་གནས་ཐག་རིང་ཐུང་ལ་ཁྱད་པར་མི་འདུག ཕན་ཚུན་གོ་བརྡ་འཕྲོད་པ་དང་སོ་སོའི་ནུས་པས་ལྕོགས་ན་དབང་ཐོབ་ཀྱི་རེད་བསམ་གྱི་འདུག ངའི་ངོས་ནས་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ང་ཚོ་འདིར་ཡོད་པ་གཅིག་པུ་མིན་པར་འཛམ་གླིང་འདིའི་ཐོག་དུས་འཁོར་དབང་ཆེན་ལ་དོ་སྣང་དང་འདུན་པ་ཡོད་མཁན་ཚང་མར་ཕྱི་ནང་གི་བར་ཆད་རྐྱེན་མི་མཐུན་པའི་ཕྱོགས་ཡོད་པ་དེ་སེལ་བའི་དམིགས་པ་བྱེད་ཀྱི་ཡོད། དབང་ངོ་སྤྲོད་སྐབས་སོ་སོས་བསམ་བློ་བཏང་ན་དབང་ཐོབ་ཀྱི་རེད་དྲན་བསྡད་ཡོད་”ཅེས་དང་བྱང་ཆུབ་ཀྱི་སེམས་གལ་ཆེན་ཡིན་སྐོར་དང། གཞན་རྒྱུད་འདུལ་བ་ལ་དང་པོ་རང་རྒྱུད་འདུལ་ཡོད་མཁན་ཞིག་དགོས་སྐོར་སོགས་བཀའ་སློབ་གནང་སོང་། དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་དབུས་བཀའ་ཤག་གིས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་ཕུལ་བ་དང་། བཀའ་དབང་མུ་མཐུད་གནང་ཡོད་པ་རེད།།15970330_1207741839304267_1270796215_n

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།