དུས་དབང་སྐབས་གྲོད་ཁོག་བཤལ་མཁན་དང་ཆམ་པ་ཕོག་མཁན་མང་དུ་འགྲོ་བཞིན་པ།
ཕྱི་ལོ་༢༠༡༧ ཟླ་༡ པོའི་ཚེས་༢ ནས་༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ པའི་སྐབས་ནད་པའི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་ཡོད་སྐོར་འདུག་ན་ཡང་། དེ་དག་གི་ཁྲོད་གྲོད་ཁོག་བཤལ་བ་དང་ཆམ་པ་ཕོག་པ་ཙམ་ལས་ཛ་དྲག་གི་ནད་པ་དེ་འདྲ་མེད་པ་རེད། ནད་པ་ཚོར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་སྨན་རྩིས་ཁང་། གདན་ས་སེར་འབྲས་དགའ་གསུམ། བོད་ཀྱི་བདེ་རྩ་སོགས་བཙན་བྱོལ་ནང་གི་འཕྲོད་བསྟེན་དང་སྨན་ཁང་ཁག་གིས་རིན་མེད་ཀྱི་སྨན་སྦྱིན་དང་། དང་བླངས་འཕྲོད་བསྟེན་ཞབས་ཞུ་འཐུས་ཤོར་མེད་པར་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།
སེར་བྱེས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་ནོར་བུ་ལགས་སུ་འདི་ལོའི་དུས་དབང་སྐབས་སེར་བྱེས་འཕྲོད་བསྟེན་སྨན་ཁང་གི་རིན་མེད་སྨན་སྦྱིན་གནང་བཞིན་པའི་སྐོར་ལ་བཅར་འདྲི་ཞུས་པར། རྩ་བས་སེར་བྱེས་འཕྲོད་བསྟེན་སྨན་ཁང་གིས་ངོས་ནས་༧གོང་ས་མཆོག་གི་གསུང་ཆོས་ཆེ་ཁག་གི་སྐབས་སུ་རིན་མེད་སྨན་སྦྱིན་གྱི་ལས་འགུལ་སྤེལ་བཞིན་ཡོད། ཐེངས་འདིར་ཡང་དུས་དབང་ཐེངས་༣༤ པར་བཅར་ནས་སེར་སྐྱ་མི་མང་ལ་སྨན་སྦྱིན་གྱི་གོ་སྐབས་ཐོབ་པ་དེ་ཧ་ཅང་སྐལ་བ་བཟང་པོ་རེད་བསམ་གྱི་ཡོད་ལ། སེར་བྱེས་འཕྲོད་བསྟེན་སྨན་ཁང་གིས་ངོས་ནས་གསོ་རིག་འདྲ་མིན་ཐོག་ཆེད་ལས་སྨན་པ་དྲུག་དང་སྨ་ཞབས་པ་ལས་བྱེད་བཅས་བསྡོམས་པའི་ཁྱོན་མི་གྲངས་༢༨ ཙམ་བཀོད་སྒྲིག་བྱས་ཡོད་ཅེས་དང་། གཞན་ཡང་སྨན་སྦྱིན་འགྲོ་སོང་དང་ཟས་སོང་། ལམ་གྲོན། སྡོད་གནས་གོ་སྒྲིག་བཅས་སུ་འགྲོ་སོང་ཧིན་སྒོར་འབུམ་༣༥ ཙམ་གཏོང་འཆར་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཡང་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པའི་ངོས་ནས་བུད་མེད་སྨན་ཞབས་པ་༥ ཙམ་བཀོད་སྒྲིག་བྱས་ནས་བོད་ནས་གསར་དུ་འབྱོར་བ་དང་། རྒན་ཁོག གཞན་ཡང་ཆོས་ཞུ་བ་རྣམས་ལ་ཆུ་ཚོད་༢༤ ཡི་རིང་སྨན་ཁང་ཁག་ལ་འཁྲིད་རོགས་དང་། སྐད་སྒྱུར། རྒན་ཁོག་རྣམས་ལ་འཕུར་གཉེར། ཁྲག་གི་ཞལ་འདེབས་སོགས་གནང་གི་ཡོད་པ་རེད།
དེ་བཞིན་བོད་གཞུང་སྨན་རྩིས་ཁང་གིས་ཆོས་ཞུ་བ་ནད་པ་རྣམས་ལ་བརྟག་དཔྱད་དང་། རིན་མེད་བོད་སྨན་སྨན་སྦྱིན་གནང་བཞིན་འདུག་ལ། དམིགས་བསལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་གི་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུ་དང་།རིན་མེད་སྨན་བཅོས། ཁོར་ཡུག་གཙང་བཟོ། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ངོ་སྤྲོད་བཅས་ཁྱོན་སྡེ་ཚན་ཁག་བཞི་ལ་བགོས་ནས་ལས་འགུལ་སྤེལ་བཞིན་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ནས་སྨན་པ་དང་སྨན་ཞབས་བསྡོམས་པའི་མི་གྲངས་༥༩ ཙམ་གྱིས་དེ་ལྟར་ཞབས་ཞུ་སྒྲུབ་བཞིན་ཡོད་སྐོར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཚེ་བརྒྱ་ལགས་ཀྱིས་ངོ་སྤྲོད་འགྲེལ་བརྗོད་གནང་སོང་།
གཞན་ཡང་བོད་རིགས་མཐོ་རིམ་སློབ་མ་ནས་གོ་སྒྲིག་འོག བྷ་ཎ་ར་སི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་ནས་སྨན་ཞབས་༡༠ དང་འཕྲོད་བསྟེན་ལས་ཁུངས་ནས་སྨན་པ་དང་སྨན་ཞབས། ལས་བྱེད་བཅས་ཁྱོན་མི་གྲངས་༨༠ ལྷག་ཙམ་ཞིག་གིས་དུས་ཡུན་ཆུ་ཚོད་༢༤ ཡི་རིང་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་མུས་ཡོད་པ་རེད།
འདི་ལོ་དུས་འཁོར་དབང་ཆེན་ལ་ཆེད་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་ནད་པ་ཁག་ཅིག་ལ་བཅར་འདྲི་ཞུས་པར། འདི་ལོའི་དུས་དབང་ཐེངས་༣༤ པའི་འཕྲོད་བསྟེན་ཞུབས་ཞུ་གནང་ཕྱོགས་ནི་ཁ་ཡོད་ལག་ཡོད་ཀྱི་མི་མང་ལ་ཧ་ཅང་ཕན་ཐོག་ཆེན་པོ་ཡོད་སྐོར་དང་། འཕྲོད་བསྟེན་ལས་ཁུངས་གཙོ་བོར་གྱུར་པའི་གོང་གསལ་འཕྲོད་བསྟེན་ཞབས་ཞུ་གནང་མཁན་ཁག་ནས་མི་རིགས་དང་སེར་སྐྱ་ཕོ་མོ་དབྱེར་མེད་ཐོག དད་ལྡན་ཆོས་ཞུ་བ་ཡོངས་ལ་རིན་མེད་སྨན་སྦྱིན་དང་སྨན་བཅོས་ལྟ་སྐྱོང་གི་རོགས་རམ་ཆུ་ཚོད་༢༤ ཡི་རིང་ནད་པ་ཚོར་གནང་བཞིན་འདུག་སྟབས། མི་མང་གིས་བསྔགས་བརྗོད་ཆེན་པོ་གནང་བཞིན་འདུག་ལ། རྒྱ་གར་མངའ་སྡེ་གཞུང་གིས་ཀྱང་སྨན་པ་ཆེད་གཏོང་གིས་རོགས་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག །
རྡོར་གདན་ནས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།