དུས་དབང་སྐབས་མི་མང་གི་ལས་དོན་བྱེད་ཕྱོགས་ཁག་གི་རྣམ་པ།
༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་མི་ཚོགས་མང་པོ་འཛོམས་ཡོད་པ་དང་སྟབས་བསྟུན། སྤྱི་ཚོགས་ཞབས་ཞུ་དང་། བོད་དོན་ལས་འགུལ་འདྲ་མིན། ཚོང་ལས་འདྲ་མིན། དམིགས་ཡུལ་འདྲ་མིན་ཐོག་ཞལ་འདེབས་བསྡུ་མཁན་སོགས་ཧ་ཅང་མང་པོ་ཡོད་པ་དང་། ཟླ་འདིའི་ཚེས་༣༠ ཉིན་བོད་དོན་ཁྱབ་བསྒྲགས་བྱེད་མཁན་དང་སྤྱི་ཚོགས་ཞབས་ཞུ་བྱེད་མཁན་ཁག་ཅིག་ལ་བཅར་འདྲི་བྱས་པ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་སྣེ་ཁྲིད་འོག དང་བླངས་པ་༢༥༠ ཙམ་གྱིས་དུས་འཁོར་དབང་ཆེན་ཞུ་བར་ཡོང་མཁན་ཚོའི་ཆེད་དུ་གསལ་བསྒྲགས་ཁང་དང་འགྲིམ་འགྲུལ་འབབ་ཚུགས་ཁག་ལ་རོགས་རམ། ས་གནས་སུ་བདེ་འཇགས་སྲུང་སྐྱོབ། མི་མང་སྤྱི་དང་ལྷག་པར་དུ་དཀའ་ངལ་འཕྲད་མཁན་གྱི་ནད་པ་སོགས་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེེད།

གཞོན་ལྷན་ཚོགས་གཞོན་རྟ་མགྲིན་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། གཞོན་ལྷན་གྱི་གསལ་བསྒྲགས་ཁང་ནས་མི་བོར་བརླགས་སོང་བ་དང་། ཅ་དངོས་བོར་བརླགས་སོང་བ་སོགས་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་གནས་སྐོར་ལ་འགྲོ་མཁན་ཚོར་འགྲིམ་འགྲུལ་རླངས་འཁོར་གླ་རོགས་དང་། དབྱིན་སྐད་དང་ཧིན་སྐད་མི་ཤེས་མཁན་ཚོར་སྐད་སྒྱུར་གྱི་རོགས་པ། ནད་པར་རོགས་པ། མེ་འཁོར་འབབ་ཚུགས་སུ་ཆོས་ཞུ་བ་འབྱོར་སྐབས་ཅ་ལག་དབོར་འདྲེན་དང་རླངས་འཁོར་གླ་རོགས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད།
གཞོན་ལྷན་ཚོགས་གཞོན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟ་ཆོས་ཞུ་བ་ཚོད་དཔག་བྱས་ན་འབུམ་གཅིག་ལྷག་སླེབས་ཡོད་པ་དང་། ད་ལོ་རྒྱ་གར་གྱི་དངུལ་ལོར་གསར་བརྗེ་དང་འབྲེལ་ནས་མི་མང་ཧ་ཅང་མང་པོ་འཛོམས་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད་པ་དང་། མང་པོ་ཞིག་གུར་ནང་དུ་བསྡད་ཡོད་པ་སོགས་ཀྱིས་ས་གནས་ཀྱི་རྒྱ་གར་ཁང་གླ་ཡང་གོང་ཅུང་མར་ཆག་གི་ཡོད་འདུག

དང་བླངས་ཞབས་ཞུ་བ་བལ་ཡུལ་ས་གནས་གཞོན་ལྷན་དྲུང་ཆེ་ཡེ་ཤེས་ཆོས་འཕེལ་ལ་ཆོས་ཞུ་བར་དཀའ་ངལ་གང་ཡོད་བཅར་འདྲི་བྱས་པར། ཁོང་གིས་“ཆོས་ཞུ་བ་སྡོད་གུར་ནང་བསྡད་ཡོད་མཁན་ཚོར་ཆུ་དང་གློག་གི་དཀའ་ངལ་ཅུང་ཡོད་པ་དང་ད་ལྟ་ཡར་རྒྱས་གཏོང་བཞིན་འདུག དེ་མིན་དཀའ་ངལ་སྔོན་མ་བཞིན་མི་འདུག ད་ལྟ་ཆོས་ཞུ་བ་ཚོས་སྔོན་ནས་གྲ་སྒྲིག་ཡག་པོ་བྱས་འདུག་ལ། རོགས་པ་ཕན་ཚུན་མ་ཐུག་པའི་དཀའ་ངལ་དང་ཅ་ལག་བརླགས་པའི་དཀའ་ངལ་སོགས་དེ་ཙམ་མི་འདུག དཀའ་ངལ་གཅིག་དེ་བོད་ནས་ཡོང་མཁན་ཚོར་རྒྱ་ནག་གཞུང་གིས་དུས་དབང་སྔོན་ནས་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་པས། ད་ལྟ་དུས་དབང་ཞུ་མ་ཐུབ་པར་མར་བོད་ལ་ལོག་མཁན་མང་པོ་འདུག་ལ། ཁོང་ཚོ་ཕེབས་སྐྱེལ་ལ་རོགས་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
བོད་གཞུང་སྨན་རྩིས་ཁང་གི་གོ་སྒྲིག་འོག ཆོས་ཞུ་བ་ཚོའི་ཆེད་དུ་ས་ཚུགས་ཁག་བཞི་རུ་ནད་པར་ལྟ་སྐྱོང་དང་། སྨན་སྦྱིན་རིན་མེད་བྱེད་ཀྱི་ཡོད་པ་རེད།སྨན་རྩིས་ཁང་གི་སྨན་སྦྱིན་གོ་སྒྲིག་གི་འགན་ཁུར་བ་སྐལ་བཟང་ཟླ་བར་བཅར་འདྲི་བྱས་པར། ཁོང་གིས། “སྨན་སྦྱིན་གྱི་འགྲོ་སོང་དེ་༧སྐྱབས་མགོན་རིན་པོ་ཆེའི་ཐེབས་རྩ་ནས་ད་ལོའི་དུས་དབང་སྐབས་ཀྱི་སྨན་སྦྱིན་ཆེད་དུ་འབུམ་ལྔ་དང་སྟོང་ཕྲག་སུམ་ཅུ་ཡོད་པས། དེ་གཟའ་ལྷག་པ་དང་། ཕུར་བུ། པ་སངས་བཅས་ལ་གཏོང་གི་ཡོད་པ་དང་། གཟའ་ཟླ་བ་དང་། མིག་མར། སྤེན་པ། ཉི་མ་བཅས་ལ་སྨན་སྦྱིན་དེ་སྨན་རྩིས་ཁང་ནས་སྤྲོད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་དོན། “ཉིན་རེར་ནད་པ་མང་པོ་ཡོད་པ་དང་། ས་ཚུགས་རེར་སྨན་པ་གཉིས་ཡོད། འདིར་ཆོས་ཞུ་བར་སླེབས་དུས་མང་པོ་ཞིག་ལ་ཆམ་ནད་ཀྱི་དཀའ་ངལ་དང་། དུས་རྒྱུན་བོད་སྨན་ལ་བསྟེན་གཏུགས་བྱེད་མཁན་དང་དགའ་པོ་བྱེད་མཁན་ཡང་མང་པོ་རེད། དམིགས་བསལ་བོད་ནས་ཡོང་མཁན་ཚོར་རྒྱ་སྨན་ཡོད་རེད་དེ། སྨན་རྩིས་ཁང་གི་སྨན་ལ་དགའ་པོ་ཡང་བྱེད་ཀྱི་འདུག་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་དོན། “སྨན་རྩིས་ཁང་གིས་དུས་རྒྱུན་༧སྐྱབས་མགོན་རིན་པོ་ཆེས་གསུང་ཆོས་གང་དུ་གནང་ཡང་སྨན་སྦྱིན་བྱེད་ཀྱི་ཡོད་པ་དང་། ས་གནས་སོ་སོའི་མཐུན་འགྱུར་དང་། ད་ལོའི་དུས་དབང་གོ་སྒྲིག་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཆའི་མཐུན་འགྱུར་ཆ་ཚང་གནང་ཡོད་པས། དེ་ཙམ་དཀའ་ངལ་མི་འདུག་”ཅེས་གསུངས་སོང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་མི་ཚོར་རྒྱ་ནག་གིས་མནར་གཅོད་ག་འདྲ་གཏོང་གི་ཡོད་པའི་སྐོར་ལ་པར་གྱི་འགྲེམས་སྟོན་ཞིག་བཤམས་ཡོད་པ་རེད། འགྲེམས་སྟོན་དེའི་སྐོར་དགུ་བཅུ་གསུམ་གྱི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལ་བཅར་འདྲི་བྱས་པར། ཁོང་གིས། “དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་འགྲེམས་སྟོན་དེ་ད་ལོ་རྡོ་རྗེ་གདན་ནས་འགོ་བཙུགས་ཏེ། འགྲུལ་བཞུད་འགྲེམས་སྟོན་ཞེས་ས་གནས་གང་སར་སྐོར་བསྐྱོད་བྱེད་འཆར་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་འདིའི་ནང་གཙོ་བོ་བོད་ནང་མནར་གཅོད་ག་རེ་གཏོང་གི་ཡོད་པའི་སྐོར་ཡིན། སྤྱིར་བཏང་མནར་གཅོད་ཟེར་དུས་སྐབས་རེར་ལུས་པོ་གཅིག་པུར་གོ་འགྲོ་བ་ཡོད་རེད་དེ། ང་ཚོས་གཙོ་བོ་ཁོར་ཡུག་སྐོར་དང་། སྐད་ཡིག མི་རིགས་དབྱེ་འབྱེད་སོགས་ཀྱི་མནར་གཅོད་དང་། དེ་བཞིན་ཆབ་སྲིད་ཀྱི་ཐོབ་ཐང་ཐོག་འབོད་སྒྲ་བསྒྲགས་ན་མནར་གཅོད་ག་རེ་མྱོང་གི་ཡོད་མེད་སྐོར་སོགས་གཙོ་བོ་ཡིན་”ཞེས་གསུངས་སོང་།
དེ་བཞིན་ཁོང་གིས། “ད་ཐེངས་གཙོ་བོ་ཕྱི་ལོ་༡༩༥༩ ལོ་ནས་༡༩༨༧།༡༩༨༨།༡༩༨༩ ལོ་དང་། དེ་རྗེས་ཀྱི་༢༠༠༨ ལོའི་ངོ་རྒོལ་ལས་འགུལ། རང་སྲེག་ངོ་རྒོལ་ལས་འགུལ་སྐོར། དེ་བཞིན་བོད་ནང་སྐད་འབོད་སྣ་ཚོགས་དང་རྒྱུ་རྐྱེན་སྣ་ཚོགས་ཡོད་རེད། དཔེར་ན་འབྲི་རུ་ལྟ་བུ་ཡིན་ན་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་ཀྱི་ཡོད་ཅེས་བཤད་ཡོང་སྐབས། བོད་མི་ཚོས་རྒྱ་དར་ཆུ་ལ་གཡུགས་པའི་སྐོར་དང་། སློབ་ཚན་ཆ་ཚང་ནང་སྐད་ཡིག་དང་པོ་རྒྱ་ཡིག་དགོས་ཟེར་ཡོང་དུས་སློབ་མ་མང་པོས་སྐད་འབོད་བྱས་པ། གཏེར་ཁ་སྔོགས་འདོན་བྱས་དུས་མི་མང་གི་ངོ་རྒོལ་བྱས་པ་སོགས་གནད་འགག་ཆགས་ཡོད་རེད། དེ་ཚོ་ཚང་མ་མི་མང་ནང་སྟོན་ཐུབ་ན་བསམ་པའི་རེ་བ་བྱས་ཡིན། ནམ་རྒྱུན་ང་ཚོས་འགྲེམས་སྟོན་དེའི་རིགས་ཕྱི་རྒྱལ་བ་ཁོ་ནར་བསྟན་ཏེ་རྒྱབ་སྐྱོར་དང་རོགས་ཚོགས་འཚོལ་ཐབས་ལ་བསམ་བློ་བཏང་ནས་དེའི་ཐོག་ལས་འགུལ་སྤེལ་བསྡད་ན། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་བོད་ནང་ག་འདྲ་ཡིན་མིན་གྱི་ཚོར་བ་བརླགས་འགྲོ་བ་ལྟ་བུ་ཡོང་གི་ཡོད་པས། ད་ཐེངས་འགྲེམས་སྟོན་དེ་བོད་པའི་སྤྱི་ཚོགས་ཁོ་ནར་དམིགས་ཡོད་ལ། བོད་པ་ཚོས་འགྲེམས་སྟོན་དེར་བལྟས་རྗེས་ཚོར་བ་ཡོད་པ་དང་། ལས་འགུལ་ལ་བསྟོད་བསྔགས་བྱེད་པ། ཁ་ཤས་སེམས་པ་སྐྱོ་པ་དང་། རྒན་པ་ཚོས་གཞོན་སྐྱེས་ཚོར་རེ་བ་བྱས་ཡོད་ཟེར་བ་སོགས་ཚོར་བ་ཡོད་པའི་ཐོག་ནས། མར་ཕྱི་ལ་འགྲོ་མཁན་མང་པོ་ཡོང་གི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

འགྲེམས་སྟོན་དེར་ལྟ་མཁན་ནང་ནས་གྲྭ་པ་ཞིག་ལ་བསམ་ཚུར་དང་ཚོར་སྣང་ག་རེ་བྱུང་མིན་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས། “ངའི་མིང་ལ་ཚེ་རིང་རྡོ་རྗེ་ཟེར་གྱི་ཡོད། ང་རང་གིས་བཙོན་ཁང་ནང་མནར་གཅོད་མྱངས་མྱོང་ལ། ད་ཐེངས་པར་འདི་ཚོ་མཐོང་སྐབས་རྒྱ་ནག་གིས་དེའི་སྐབས་བྱེད་སྟངས་དེ་ཚོ་བསྐྱར་དྲན་བྱས་ཡོང་དུས། སེམས་ནང་དངངས་སྐྲག་དང་། སེམས་པ་སྐྱོ་པོ་ཡོང་གི་འདུག ད་ལྟ་བོད་མི་བཙོན་ཁང་ནང་ཡོད་མཁན་ཚོའི་སྡུག་བསྔལ་དེ་སེམས་ཀྱིས་མི་བཟོད་པ་ཞིག་ཡིན་པའི་ཚོར་བ་བྱུང་སོང་། ད་ལྟ་ཕྱི་ལ་ཡོང་ནས་རང་དབང་རྒྱལ་ཁབ་ཁག་མཐོང་དུས། རྒྱ་ནག་ལྟ་བུའི་མི་རིགས་ལ་མནར་གཅོད་གཏོང་མཁན་དང་དུད་འགྲོ་ཞིག་གི་མཐོང་ཡང་མི་འཇོག་མཁན་འཛམ་གླིང་ཐོག་ཡོད་ས་མ་རེད་བསམ་པའི་ཚོར་སྣང་བྱུང་སོང་”ཞེས་འགྲེལ་བརྗོད་གནང་སོང་།
ཁོང་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་དོན་རྐྱེན་དང་འབྲེལ་ནས་རྒྱ་ནག་གིས་བཙོན་འཇུག་བྱས་མྱོང་མཁན་ཞིག་རེད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་དོན་ལས་འགུལ་སྐོར་གྱི་པར་འགྲེམས་སྟོན་དང་། མི་མང་ལ་གཏམ་བཤད་ཁག་ཅིག་གོ་སྒྲིག་བྱས་འདུགཚོགས་གཙོ་བསྟན་འཛིན་ཚེ་ལྷར་ལས་འགུལ་དེའི་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་དོན། “པར་གཙོ་བོ་ཐབས་ཇུས་མ་འདྲ་བ་རེའི་ཐོག་ནས་ལས་འགུལ་སྤེལ་ཐུབ་མིན་དང་། དེ་སྔོན་རྒྱ་ནག་གི་དཔོན་རིགས་ལ་ངོ་རྒོལ་དང་། བོད་ནང་གི་ཁོར་ཡུག་སྐོར་གྱི་ལས་འགུལ། ༢༠༠༨ ལོའི་ལས་འགུལ་སྐབས་སོགས་ལ་ཐབས་ཇུས་ག་རེ་བྱས་ཡོད་མེད་དང་། ནུས་པ་ག་འདྲ་ཐོན་གྱི་ཡོད་མེད་སྐོར་སོགས་ཡིན་”ཞེས་གསུངས་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དུས་དབང་རིང་རིམ་པས་འཚེ་མེད་ཞི་བའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་གློག་བརྙན་སྟོན་རྒྱུ། ཕྱི་ལོ་༢༠༠༨ ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་གྱི་གློག་བརྙན་སྟོན་རྒྱུ། དྲ་རྒྱའི་ཉེན་སྲུང་སྐོར་ལ་གཏམ་བཤད། བོད་རང་བཙན་སློབ་ཕྲུག་ཚོགས་པ་ངོ་སྤྲོད་དང་འབྲེལ་བའི་བོད་ལ་རང་དབང་ཐོབ་རྒྱུ་རེད་ཅེས་པའི་གློག་བརྙན་སྟོན་རྒྱུ། འཚེ་མེད་ཞི་བའི་ལས་འགུལ་གྱི་ཐབས་ཇུས་སྐོར་ལ་གཏམ་བཤད། པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱ་ནག་གི་འོག་བོད་ཀྱི་ཆོས་དད་རང་དབང་སྐོར་ལ་གཏམ་བཤད་བཅས་གོ་སྒྲིག་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་ཟེར་གྱིས་རྡོ་རྗེ་གདན་ནས།