དུས་འཁོར་དབང་ཆེན་གྲ་སྒྲིག་ཚགས་ཚུད་བྱེད་བཞིན་ཡོད།
ཟླ་འདིའི་ཚེས་༢༥ ཉིན་༢༠༡༧ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་པ་བཀའ་ཤག་གིས་གསར་འགོད་ལྷན་ཚོགས་ཤིག་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བསྐོང་པ་དང་། སྐབས་དེར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཚོགས་གཞོན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་བཅས་ཕེབས་ཡོད་པ་རེད།
དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་སོ་བཞི་པ་དེ་བཀའ་ཤག་གིས་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་བཞིན་གོ་སྒྲིག་གནང་གི་ཡོད་པ་དང་། དུས་དབང་ཡོན་བདག་དེ་བོད་མིའི་སྒྲིག་འཛུགས་ཡིན་ནའང་། དུས་རྒྱུན་ཆོས་འབྲེལ་དང་དུས་དབང་གནང་རོགས། བརྟན་བཞུགས་བཞེས་རོགས་ཞུ་མཁན་མང་པོ་ཡོད་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་བའི་ཁོངས་གཅིག་ལ་ཚང་མས་མཉམ་དུ་བྱས་པ་མང་པོ་ཡོད་པས། ད་ཐེངས་ཀྱང་ཡོན་བདག་གི་གྲལ་དུ་ཡོང་གི་ཡིན་གསུང་མཁན་མང་པོ་ཡོད་པ་ཚོ་དགའ་ལྡན་ཕོ་བྲང་ནས་རིམ་པས་ཞལ་བཞེས་གནང་སྟེ་མཉམ་ཞུགས་ཆོག་སྐོར་དང་། ད་ལྟ་ཡོན་བདག་གྲལ་དུ་ཚོགས་སྡེ་དང་སྒེར་པ་བཅས་ཉི་ཤུ་ཙམ་ཡོད་སྐོར་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ངོ་སྤྲོད་གནང་སོང་།
༢༠༡༧ ལོའི་ཟླ་༡ ཚེས་༣ ནས་ཚེས་༡༤ བར་རྡོ་རྗེ་གདན་དུ་དུས་དབང་གནང་རྒྱུ་ཡིན་པ་དང་། ནམ་རྒྱུན་ལྟར་སྔོན་འགྲོའི་གསུང་ཆོས་གཙོ་བོ་སྤྱོད་འཇུག་ཆེན་མོ་དང་། སྒོམ་རིམ་བར་མ་ཡིན་པ་དང་། དེ་བཞིན་ཚེ་དབང་གནང་རྒྱུ། བརྟན་བཞུགས་འབུལ་རྒྱུ། སྨོན་ལམ་རྒྱས་འཛོམས་ཐོག་རིས་མེད་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་པ་རེད།
གོ་སྒྲིག་ཚོགས་ཆུང་ནང་དུ་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཚོགས་གཞོན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག ཚོགས་གཞོན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ། ཆོས་རིག་དང་། བདེ་སྲུང་། དཔལ་འབྱོར་ལས་ཁུངས་བཅས་ཀྱི་དྲུང་ཆེ་གསུམ་བཅས་ཡོད་པ་རེད།
ཆོས་ཞུ་བའི་ཆེད་དུ་དུས་དབང་གི་བྱུང་སོང་གི་རྩིས་དང་། འཕྲོད་བསྟེན་ལྟ་སྐྱོང་། ཁོར་ཡུག་གཙང་སྦྲ། གློག་དང་ཆུ་སོགས་གོ་སྒྲིག་བྱེད་མཁན་ཚོགས་ཆུང་ཆེད་འཛུགས་བྱས་ཡོད་པ་རེད།
ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། ཆོས་ཞུ་བའི་བདེ་འཇགས་ཆེད་དུ། རྒྱ་གར་གཞུང་གི་དབུས་ས་གཉིས་དང་། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་བཅས་ནས་སྔར་ལྷག་གོ་སྒྲིག་གཟབ་ནན་བྱས་ཡོད་སྐོར་གསུངས་སོང་།
ད་ཐེངས་དམིགས་བསལ་བཀའ་ཤོག་གི་ངོས་ནས་རྒན་ཁོག་དང་། ནད་གཅོང་། མི་མང་སྐྱོ་པོ། སློབ་མ་ཁྱིམ་བདག་མེད་མཁན། མཚམས་པ་བཅས་དུས་དབང་ཞུ་འདོད་ཡོད་པ་དང་། འགྲོ་སོང་གི་དཀའ་ངལ་ཡོད་མཁན་བཅས་ལ་ཆེད་དུ་ལམ་གྲོན་དང་། སྡོད་གནས་ཟས་གྲོན་ཆ་ཚང་གཏོང་གི་ཡོད་པ་དང་། ད་ལྟའི་བར་ཐོ་འགོད་བྱེད་མཁན་ཆིག་སྟོང་ལྔ་བརྒྱ་ལྷག་བྱུང་ཡོད་པ་དང་། དེ་ལ་དམིགས་བསལ་གྱིས་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་སྐོར། དེ་བཞིན་དུས་དབང་སྐབས་མི་ཤི་རྐྱེན་ཆགས་སོགས་ཡོང་ན། སྔོན་མ་ནས་གཞོན་ནུ་ལྷན་ཚོགས་སོགས་ཀྱིས་དྭངས་བླང་རོགས་པ་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཆེད་དུ་གོ་སྒྲིག་པའི་ངོས་ནས་ཀྱང་སྨོན་ལམ་གསུང་འདོན་གནང་མཁན་དགེ་འདུན་པ་དང་། ཕུང་པོ་མེར་སྲེག་ཆེད་དུ་ཤིང་དང་ས་སྣུམ་སོགས་ཀྱང་གྲ་སྒྲིག་ཡོད་སྐོར་ངོ་སྤྲོད་གནང་སོང་།
བོད་ནས་ཆོས་ཞུ་བར་ཡོང་མཁན་སྐོར་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཀྱིས་གསར་འགོད་པའི་དྲི་བ་དང་འབྲེལ་ནས་གསུང་དོན། མི་ག་ཚོད་ཡོང་གི་ཡོད་པ་དེ་ཚོད་དཔག་ཐིག་ཁག་པོ་ཆགས་ཀྱི་ཡོད་རེད་ལ། དུས་དབང་ནམ་ཡིན་ལ་བདེ་སྲུང་ཁྱབ་ཁོངས་ཀྱི་སྣེ་ལེན་འབྲེལ་མཐུད་ཁང་ནས་སྡོད་གནས་སོགས་གྲ་སྒྲིག་ཟུར་དུ་ཡོད་པ་རེད། སྔོན་མ་ཕར་ལོག་སྐབས་འཇུ་བཟུང་བྱས་པ་སོགས་ཀྱི་དཀའ་ངལ་འཕྲད་པ་དང་། དེ་ཚོའི་ཐོག་ག་རེ་བྱེད་དགོས་མིན་ལ་བཀའ་བསྡུར་བྱེད་ཀྱི་ཡོད་པ་རེད། ཁྲིམས་དང་འབྲེལ་ནས་དཀའ་ངལ་ཡོད་པ་རེད་ལ། བལ་ཡུལ་དུ་ག་རེ་བྱེད་དགོས་དང་། རྒྱ་གར་དུ་ག་རེ་བྱེད་དགོས། དེ་ནས་གནས་སྐོར་དུ་འགྲོ་སྐབས་མི་ངན་ལ་ཐུག་ནས་མགོ་སྐོར་ཐེབས་པ་སོགས་དཀའ་ངལ་བྱུང་མྱོང་ཡོད་པས། དེ་ཚོའི་ཐོག་གཞོན་ནུ་ལྷན་ཚོགས་གཙོས་དྭངས་བླངས་བ་གང་འཚམ་ཡོད་ལ། དེ་ཚོ་དང་མཉམ་དུ་འབྲེལ་མཐུད་གང་ཐུབ་བྱེད་རྒྱུའི་འཆར་གཞི་ཆ་ཚང་ཡོད་སྐོར་གསུངས་སོང་།
གསར་འགོད་པས་ཉེ་ཆར་གཞུང་གི་ངོས་ནས་ཆོས་ཞུ་བས་དེབ་སྐྱེལ་དགོས་སྐོར་གསལ་བསྒྲགས་ཤིག་སྤེལ་འདུག་པས། དེ་ག་འདྲ་དགོས་མིན་སྐོར་དྲིས་པར། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་གིས། དེ་གཙོ་བོ་སེར་མོ་བའི་སྡེ་དང་། ཕྱི་རྒྱལ་བ། ཧི་མ་ལའི་རི་རྒྱུད་ཀྱི་མི་དང་རྒྱ་གར་བ་སོགས་ཡིན་ན། སྔོན་ནས་ཐོ་འགོད་དགོས་པ་དང་། ཁོང་ཚོར་ཆོས་རར་ཡང་སྡོད་གནས་མདུན་གྱི་ཉེ་འཁྲིས་སུ་གྲ་སྒྲིག་ཡོད་སྐོར། ཐོ་འགོད་བྱེད་ས་༢༠༠༧ ལོའི་དུས་དབང་གི་དྲ་རྒྱའི་ཐོག་དང་། བདེ་སྲུང་ཡན་ལག་བཅས་སུ་ཐོ་འགོད་བྱེད་ཆོག་སྐོར་གསུངས་སོང་།
ཆོས་ཞུ་བའི་སྡོད་གུར་ག་འདྲ་རྒྱག་གི་ཡོད་སྐོར་དྲིས་པར། ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཀྱིས། དེང་སྐབས་སྔོན་དང་མ་འདྲ་བར་ས་གནས་སུ་ཁང་པ་དང་མགྲོན་ཁང་མང་པོ་བརྒྱབ་ཚར་ཡོད་པས། གུར་གྱི་ནང་དུ་སྡོད་མཁན་ཇེ་ཉུང་དུ་འགྲོ་ཡི་ཡོད་པ་རེད། གུར་ནང་དུ་སྡོད་རྒྱུ་ཐོ་བརྒྱབ་ཡོད་ནའང་རྗེས་སུ་ཁང་པ་རག་ནས་གུར་ནང་སྡོད་མཁན་མེད་པ་ཡང་ཆགས་ཀྱི་ཡོད་པས། རྒྱ་གར་མངའ་སྡེ་གཞུང་ལ་མི་འབུམ་གསུམ་ཙམ་ཡོང་འཆར་གྱི་གྲ་སྒྲིག་དགོས་སྐོར་ཞུས་ཡོད་ལ། ད་ལྟ་ཆོས་ཞུ་བ་མི་ཆིག་སྟོང་ནས་ཉིས་སྟོང་བར་སྡོད་སའི་གུར་གྲ་སྒྲིག་ཡོད་ལ། གལ་སྲིད་སྐབས་མཚམས་གུར་དགོས་ནའང་གྲ་སྒྲིག་ཆ་ཚང་བྱས་ཡོད་སྐོར་ངོ་སྤྲོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།