དེ་རིང་གི་ངོ་ཚ་བ་ཞིག་བྱུང་མ་མྱོང་།
སེར་སྨད་བློ་དགའ།
མིའི་ཁོག་པར་མི་འཛུལ་དུས་ཧ་ཅང་ཞེད་སྣང་ཆེན་པོ་ཞིག་རེད།
སྤྲེལ་ལོའི་སྲིད་སྤྱི་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་ཞེས་པ་ཞིག་ལྷགས་པས་དེད་ནས་ཡོང་བའི་ཚོགས་པའམ་མི་སྒེར་སྐོར་ཞིག་རྡ་སར་ཡོད་པ་འདྲ། དེའི་སྤྱི་འདོམས་པ་ནི་བཀྲ་ཤིས་སྟོབས་རྒྱལ་ཟེར་བ་དེ་རེད། དེ་རིང་ ༢༠༡༦/༢/༥ ཉིན་གྱི་ཉིན་རྒྱབ་ཆོུད་ ༣:༡༥ ཐོག་ཚོགས་པ་དེས་གོ་སྒྲིག་འོག་བཞུགས་སྒར་ཁུལ་རྒྱ་གར་ཀྱི་ (CLUB HOUSE) ཞེས་པའི་ཚོགས་ཁང་ནང་། སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་། ཞེས་པ་ཞིག་ཚོགས་སོང་ལ། གོ་སྒྲིག་བྱེད་མཁན་དང་ཚོགས་ཁང་གི་ངོས་ནས་བལྟས་ན་ཚོགས་ཞུགས་པ་ཕོན་ཆེན་འཛོམས་འདུག གཙོ་སྐྱོང་པས་གཙོ་སྐྱོང་འགོ་བཙུགས་ནས་དེ་རིང་བགྲོ་གླེང་གི་གཙོ་འགན་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་ངོ་སྤྲོད་གསུང་བཤད་སྐར་མ་ལྔའི་རིང་གནང་གི་རེད་ཟེར། བཀྲ་ཤིས་སྟོབས་རྒྱལ་ནས་ངའི་སྐྱེས་དམན་གྱིས་ང་ལ་ཁ་པར་མང་པོ་ཡོང་གི་འདུག་ཟེར་བ་ལ་སོགས་པའི་གཏམ་རྙོག་འབྲེལ་མེད་མང་པོ་ཞིག་བཤད་པས་ཚོགས་ཁང་དེར་ཚོགས་ཞུགས་པའི་ཧབ་ཆ་ཡིས་གང་། མི་མང་གི་རྣམ་འགྱུར་སྡུག་པོ་དེས་གཙོ་སྐྱོང་པར་སྒུལ་སྐྱོད་ཐེབས་ནས། བཀྲ་ཤིས་ལགས། ད་བཞག་ཞོགས་ཟེར། མི་མང་གི་དགོད་སྒྲ་ཆེས་ཇེ་མཐོར་ཕྱིན།
སྐབས་དེར་ངའི་སེམས་ནང་ཚོགས་ཁང་དེའི་ནང་གཞོན་ནུ་ལྷན་ཚོགས་ཀྱང་དུམ་བུ་གཉིས་ཆགས་པ་རེད། དེ་རིང་ཡང་ལྟོས་ཨ་བསམ་པ་བྱུང་། བཀྲ་ཤིས་སྟོབས་རྒྱལ་ནས་ངོ་མདོག་ཤོར་བཞིན་འཛུབ་མོ་བཙུགས་ཏེ། དེ་རིང་ངས་གཙོ་སྐྱོང་པ་འདི་འདྲ་ཞིག་གོ་སྒྲིག་བྱས་པ་དེས་སྐྱེལ་སོང་ཟེར། མི་མང་གིས་ད་དུང་ཧ་ཆ་ཇེ་ཆེ་ནས་ཇེ་ཆེ་རེད། གཏམ་བཤད་སྐུ་མགྲོན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ཞལ་རས་མར་ལྷུང་བ་དང་ངོ་མདོག་དམར་ནག་ཏུ་གྱུར། དེ་རྗེས་བགྲོ་གླེང་གཙོ་སྐྱོང་པ་དང་བཀྲ་ཤིས་སྟོབས་རྒྱལ་གཉིས་ནས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་སྡུག་བསྟན་པ་ནི། ཚོགས་ཞུགས་པ་ཚོ་ངོ་ཚ་ནས་ལྟ་མི་ནུས་པ་ཞིག་རེད། ཚོགས་འདུ་གྲོལ་བའི་རྗེས་ནས་ཀྱང་ང་མ་རེད་ཁྱོད་རེད། ང་མ་རེད་སྐུ་ངོ་རེད། ཟེར་བ་སོགས་དང་། ད་དུང་མང་པོ་མང་པོ་ཞིག་གོ་མ་སོང་། ཚོགས་ཁང་གི་འགྲོ་སོང་ཁོ་རང་གིས་ཁས་བླངས་ཡོད། ཟེར་བ་སོགས་གང་ལྟར། ཁ་ཐུག་སྣ་ཐུག་མང་པོ་བྱེད་ཀི།
ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཡར་བཞེངས་ནས། ང་འདིར་གསལ་བཤད་བྱེད་སར་ཡོང་བ་ཡིན་མ་གཏོགས། གཏམ་བཤད་བྱེད་སར་ཡོང་བ་མིན། དེ་རིང་སྲིད་སྐྱོང་གི་བགྲོ་གླེང་གོ་སྒྲིག་གནང་པ་རེད་དེ། གནང་སྟངས་དེ་ཏག་ཏག་ཅིག་བསྡད་ཨེ་ཡོང་བསམ་སོང་། ཁ་སང་གོ་སྒྲིག་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ངའི་སར་སླེབས་སོང་། བགྲོ་གླེང་ལ་ཕེབས་ན་མ་ཕེབས་ན་ཁྱེད་རང་གཉིས་ཀྱི་འདོད་པ་རེད་ཟེར། ཡིག་ཆ་ཞིག་སྤྲད་ནས་འགྲོ་སོང་། ཞེས་པ་སོགས་པ་བཀའ་མོལ་ཉུང་ཉུང་ཞིག་གནང་ནས་ཕྱིར་ཐོན་ནས་ཕེབས་པ་རེད།
ལར་ནས། སྤྱི་ཚོགས་ཁྲོད་ཀྱི་སྐད་ཆའི་ནང་དེ་རིང་གི་བགྲོ་གླེང་དེ། ༢༠༡༥/༦/༡༠ ཉིན་དབུས་འོས་བསྡུ་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༩ པས་ལམ་སྟོན་ལྟར། འོས་བསྡུའི་ལམ་སྟོན་དོན་ཚན་ ༩ ཅན་གྱི་ཡིག་ཆ་ཞིག་ཁྱབ་བསྒྲགས་གནང་ཡོད། དེའི་ནང་དོན་དང་དངོས་སུ་འགལ་ཡོད་དུས། དེའི་དོན་ཚན་ ༩ པའི་ནང་གསལ་སྒྲིག་དོན་ཉེས་ཆད་ཅི་འགེལ་ལྟ་རྒྱུ་ཡོད་རེད་ཟེར།
ཚོགས་ཞུགས་པ་མང་ཚོགས་ནང་སེམས་ཤུགས་ཆགས་པ། གོ་སྒྲིག་པར་ཁ་གཏོང་མཁན་མང་ཆེ་ཤོས་རེད། ཚོགས་ཞུགས་པའི་སྐད་ཆར་ཉན་དུས། མི་ལ་ལས་ཟེར་ན། མིའི་ཁོག་པར་མི་འཛུལ་ན་འདི་འདྲའི་སྡུག་པོ་ཞིག་རེད་ཟེར། རེ་ཟུང་གིས་ཟེར་ན། འགྲོ་སོང་གཏོང་མཁན་ཚོས་བེད་སྤྱོད་གཏོང་རྒྱུའི་མི་དེ་ནོར་འདུག་ཟེར། ཡང་། ཁ་ཤས་ཀྱིས། རྒྱ་གར་བའི་ཡུལ་མིས་དེའི་སྐོར་སྐད་ཆ་དྲིས་སོང་། ངས་ལན་རྒྱག་ཤེས་མ་སོང་ཟེར། རེ་འགས་ཟེར་ན། ཉེ་ཆར་སྤྱི་ཚོགས་དྲ་བའི་ནང་སྲིད་སྐྱོང་གིས་མི་མང་གི་མདུན་དུ་སྐད་ཆ་ཤོད་རྒྱུ་དང་དྲི་བར་ལན་འདེབས་བྱ་རྒྱུར་གཡོལ་ནས་འགྲོ་གིས། ཟེར་བ་དེར་དེ་རིང་ཁུངས་ཡོད་པ་ཞིག་བཟོ་ཆེད་ཡིན་ཡང་། ལམ་འགྲོ་རྒྱུག་མ་སོང་ཟེར། ཁག་གཅིག་གིས། བཀྲ་ཤིས་སྟོབས་རྒྱལ་ལགས་སུ། ཁྱོད་རང་གིས་སྐད་གྲགས་མང་པོ་བཞག་སོང་། དེ་རིང་ནས་ལུག་གི་ལེའུ་དེ་འཇུག་བསྒྲིལ་བ་རེད། ད་ཁྱོད་རང་སྐྱེས་དམན་གྱི་སར་ལོག་རྩིས་གྱིས་ཨ་ཟེར་ནས། རྩེད་མོ་རྩེ་ཡི་འདུག མི་འགའ་ཞིག་གིས། སྤེན་པ་ཚེ་རིང་གིས་དེ་རིང་སྐད་ཆ་ཡག་པོ་བཤད་སོང་། ར་མ་བཟི་ན་མི་དེས་སྐད་ཆ་ཡག་མོ་བཤད་ཀྱི་ཡོད་འདྲ་ཟེར། ཡང་། མི་སྐོར་ཞིག་གིས། དེ་རིང་སྤེན་པ་ཚེ་རིང་ར་བཟི་མི་འདུག གོ་སྒྲིག་པ་བཀྲ་ཤིས་སྟོབས་རྒྱལ་ར་བཟི་འདུག་ཟེར། བཟང་རུང་ངན་རུང་སྲིད་སྐྱོང་དང་ཚོགས་གཙོ་གཉིས་བོད་གཞུང་གི་ཆེས་མཐོའི་མི་སྣ་གཉིས་རེད། དེ་འདྲའི་མཐོང་ཆུང་དང་ཧམ་པ་བྱེད་ན་ཡག་པོ་མ་རེད་ཟེར། གསར་འགོད་པས་ཟེར་ན། ད་ཇོ་བོ་རིན་པོ། གསར་འགྱུར་ག་རེ་བཀོད་དགོས་རེད། རྒྱ་མི་དང་རྒྱལ་ཁབ་གཞན་དག་ཕར་ཞོག བོད་པ་ཚོའི་མིག་སྔར་ཡང་ཤོད་ཤེས་ས་མ་རེད། ངོ་ཚ་ས་རེད། ཕལ་ཆེར་གཡུག་བཞག་ན་ཡག་ས་རེད་ཟེར། ཡང་། མི་གཅིག་གིས། སྤྱི་ཚོགས་ནང་འདི་འདྲའི་བརྡབ་གསིག་ཆེན་པོ་གཏོང་མཁན་འདུག དོལ་རྒྱལ་ཚོགས་པས་ཀྱང་མང་ཚོགས་ལ་འདི་འདྲའི་དཀའ་ངལ་ཆེན་པོ་སྤྲད་རབས་མེད་ཟེར།
གང་ལྟར་ངས་ཟེར་ན། བོད་པ་ཚོས་བརྗེད་མི་རུང་བའི་གནད་དོན་གཙོ་བོ་གཅིག་ནི། བོད་བརྟན་གནས་དར་གསུམ་བྱེད་པའི་རྩ་བ་ལྟ་བུའི་བོད་ཀྱི་སྒྲིག་འཛུགས་དང་ལམ་ལུགས་གཉིས་ཀ་བདག་གཟུང་ཡག་པོ་བྱ་རྒྱུ་དེ་ནི་འདོར་ཐབས་མེད་པའི་འགན་འཁུར་ཞིག་རེད། དེའི་ནང་ནས་བོད་མི་རིགས་ཀྱི་མངོན་འདོད་དང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤ པའི་མཛད་འཕྲིན་གྱི་ཆ་ཤས་སུ་གྱུར་པའི་བོད་ཀྱི་མང་གཙོ་ནི་བོད་མི་ཤི་གསོན་གཉིས་ཀའི་མངོན་འདོད་སྒྲུབ་པའི་ལམ་ལུགས་འགྲན་ཟླ་བྲལ་བ་དེ་ཡིན། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་གཙོའི་ཆེད་དུ་མི་སེར་འབུམ་ཕྲག་མང་པོའི་མི་རྒྱུ་གོ་གནས་དང་བཅས་པ་ཤོར་དང་ཤོར་མུས་ཡིན་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོ་དེ་ནི་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེ་བྱིན་རླབས་ཀྱིས་གནང་བའམ་བསྐལ་བ་བརྒྱ་ཕྲག་མང་པོར་བསགས་པའི་རྣམ་དཀར་ལས་བཟང་གི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱ་ཆོག། དེས་ན་བཙན་བྱོལ་དུ་གནས་པའི་བོད་པ་ཚོས་བོད་ཀྱི་མང་གཙོ་འདི་ཉིད་སྲུང་སྤེལ་འཐུས་ཤོར་མེད་པ་བྱས་ཏེ་མ་འོངས་པར་གཞིས་བཞུགས་བོད་མི་རྣམས་ལ་རྩིས་འབུལ་ཞུ་ཐུབ་པ་བྱ་དགོས།
མང་གཙོ་ནི། མི་མང་གིས་སྤྱི་ཚོགས་ཁ་ལོ་སྒྱུར་བའམ་མང་ཚོགས་ཀྱིས་སྤྱི་ཚོགས་སྟངས་འཛིན་བྱེད་པ་ལ་ཟེར། ལམ་སྲོལ་དེ། སྐྱེ་བོ་སོ་སོའི་འདྲ་མཉམ་གྱི་ཁེ་ཕན་གཞིར་བཞག་པ་དང་ཁྲིམས་ཀྱིས་དབང་སྒྱུར་བྱེད་པའི་ལམ་སྲོལ་ཞིག་ཡིན། ཚད་བཀག་མེད་པའི་རང་སྣང་གང་དྲན་གྱི་བྱ་སྤྱོད་ལམ་ལུགས་ཤིག་རྩ་བ་ནས་མིན་པ་མ་ཟད། གང་ཟག་རང་ཉིད་ཀྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་དང་སྐྱེ་བོ་གཞན་གྱི་རང་དབང་དང་ཁེ་ཕན་ལ་བརྡལ་བཤིག་མི་གཏོང་བ་བར་རང་གཞན་གཉིས་ཀའི་བདེ་སྐྱིད་དང་ཐོབ་ཐང་སྲུང་སྐྱོབ་ཐུབ་དགོས་པ་དེ་ཡིན།
དེར་བརྟེན། མང་གཙོའི་ལམ་ལུགས་ནང་། འོས་བསྡུའི་སྐབས་སྤྱི་ཚོགས་དེ་གུ་ཡངས་ཡོད་དང་མེད། མང་གཙོའི་གོ་རྟོགས་ཡོད་དང་མེད། སྤྱི་པར་འགན་ཁུར་ཡོད་དང་མེད། སྤྱི་དོན་ལ་དོ་སྣང་ཡོད་དང་མེད། སྤྱི་ཚོགས་ལ་མཐུན་སྒྲིལ་གྱི་བསམ་བློ་ཡོད་དང་མེད་ཟེར་བ་སོགས་གསལ་པོ་ཆགས་ཡོང་ངེས་ཡིན་དུས། རྒྱ་ནག་གི་མཐོང་ས་ནས་ཀྱང་ང་ཚོ་བོད་པ་ཚོས་གཟབ་གཟབ་བྱ་དགོས་པ་ཞིག་ཆགས་ཡོད། སྤྱི་ཚོགས་ནང་སྲིད་སྤྱིའི་འོས་མིར་མ་ཉེས་ཁག་གཡོག་བྱ་རྒྱུ་དང་། གོ་སྐབས་ལོག་པར་བེད་སྤྱོད་གཏོང་རྒྱུ། བོད་སྤྱི་དོན་དང་ཡག་ཕྱོགས་ནས་བསམ་བློ་མི་གཏོར་བར་སྒེར་དོན་དང་གཏོར་གཤིག་ཁོ་ནས་བསམ་བློ་གཏོང་བ། ལས་འགུལ་སྤེལ་བ་སོགས་ནི་རྩ་བ་ནས་བྱ་མི་རུང་བ་ཡིན།
སེར་སྨད་བློ་དགའ་ནས་༢༠༡༦/༢/༥ ཡི་ཕྱི་དྲོར་སྤེལ།