དེ་རིང་འབར་མའི་ནང་ས་ཡོམ་ཤུགས་ཚད་༧་༧་ཅན་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་འདུག 

འབར་མའི་རྒྱལ་ཁབ་ནང་ས་ཡོམ་ཆེན་པོ་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་འདུག་ལ། ས་ཡོམ་གྱི་ཤུགས་ཚད་ཀྱང་ཧ་ཅང་ཆེན་པོ་ཡིན་འདུག་པས། ཁང་པ་མང་པོ་ཞིག་ལ་གཏོར་རྒོལ་ཆེན་པོ་ཕོག་ཡོད་འདུག དེ་རིང་གི་ས་ཡོམ་གྱི་ཤུགས་རྐྱེན་དེ་འབར་མའི་ཉེ་འཁོར་དུ་ཡོད་པའི་རྒྱ་ནག་དང་ཐེ་ལན་ཌི་སོགས་ཀྱི་ནང་དུ་ཡང་ཤུགས་རྐྱེན་སླེབས་ཡོད་འདུག 

ཕྱི་ཚེས་༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ དང་སྐར་མ་༥༠ ཙམ་ལ་འབར་མའི་ནང་དུ་ས་ཡོམ་ཤུགས་ཚད་༧་༧ ཅན་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་རྗོད་བཞིན་འདུག ས་ཡོམ་གྱི་ཤུགས་ཚད་དེ་ཧ་ཅང་ཆེན་པོ་ཡིན་འདུག་པས། གཞུང་གིས་གློ་བུར་དུ་ཛ་དྲག་གི་བཀའ་རྒྱ་བཏང་ནས་མེ་འཁོར་དང་། གཞུང་ལམ་སོགས་ཀྱི་འགྲིམ་འགྲུལ་ཡོངས་རྫོགས་བཀག་ཡོད་འདུག་ཅིང་།

ད་ལྟ་གསར་འགྱུར་ཁག་ནང་ཐོན་གསལ་ལ་མི་འགའ་ཤས་ཀྱི་སྲོག་ཤོར་ཡོད་པ་རྗོད་ཀྱི་འདུག་ཀྱང་། ཚོད་དཔག་བྱས་ན་མི་གྲངས་མང་པོའི་སྲོག་ཤོར་ཡོད་པ་འདྲ། རྒྱུ་མཚན་ནི་ཁང་པ་ཐོག་བརྩེགས་མང་པོ་ཅན་འགའ་ཤས་རྩ་བ་ནས་བཤིགས་ཡོད་འདུག སྤྱིར་བཏང་འབར་མའི་ནང་ས་ཡོམ་ཆུང་ཆུང་རིགས་ཡོང་བ་ནི་རྒྱུན་ལྡན་ལྟ་བུ་ཡིན་འདུག་ཀྱང་། ཐེངས་འདིའི་ས་ཡོམ་དེ་ནི་ཧ་ཅང་གིས་ཤུགས་ཚད་ཆེན་པོ་ཅན་ཞིག་ཡིན་འདུག་པ་དང་། འབར་མའི་ཉེ་འཁོར་དུ་ཡོད་པའི་རྒྱ་ནག་དང་། རྒྱ་གར་བྱང་ཤར་ཁུལ། ཐེ་ལན་ཌི བྷང་ལ་དྷེ་ཤེ་སོགས་ཀྱི་ས་ཁུལ་ཁག་ནང་དུ་ཡང་ཤུགས་རྐྱེན་སླེབས་ཡོད་འདུག་པ་དང་། ཐེ་ལན་ནང་ཁང་བརྩེགས་ཤིག་བཤིག་པའི་བརྙན་ཞིག་དྲྭ་ལམ་ཁག་ནས་མཐོང་རྒྱུ་འདུག་ཀྱང་། གཞན་པའི་གནོད་སྐྱོན་གང་འདྲ་ཕོག་ཡོད་མེད་ད་ལྟའི་ཆར་གནས་ཚུལ་གང་ཡང་མི་འདུག

དེ་བཞིན་ཐེ་ལན་ཌིའི་ནང་དུ་ཡང་འགྲིམ་འགྲུལ་མང་པོ་གནས་སྐབས་བཀག་ཡོད་འདུག རྒྱ་གར་གྱི་སྲིད་བློན་ནས་འབར་མའི་ནང་ས་ཡོམ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། རོགས་རམ་གང་དགོས་བྱེད་རྒྱུའི་གྲ་སྒྲིག་ཡིན་ཞེས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་བཀོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།