དེ་སྔོན་བཀག་འགོག་བྱས་པའི་བོད་མི་དང་འབྲེལ་བའི་གཏམ་བརྗོད་བསྐྱར་དུ་འཁྲབ་སྟོན་བྱེད་རྒྱུ།

དེ་སྔོན་བལ་ཡུལ་གཞུང་གི་གནོན་ཤུགས་འོག བཙན་བྱོལ་བོད་མིའི་དཀའ་སྡུག་དང་འབྲེལ་བའི་གཏམ་བརྗོད་གཅིག་འཁྲབ་སྟོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་འཁེལ་ཡོད་ཀྱང་། ད་ལྟའི་ཆར་གཏམ་བརྗོད་དེ་སླར་ཡང་འཁྲབ་སྟོན་བྱེད་རྒྱུ་རེད་འདུག

དེ་ཡང་བལ་ཡུལ་ནང་གི་གཏམ་བརྗོད་འཁྲབ་ཁྲིད་པ་ལུ་ནི་བྷ་ཀྲུ་ལ་ཌར་གྱིས་བརྩམས་པའི་སྐོར་ར་ཞེས་པའི་གཏམ་བརྗོད་དེ། ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༡༤ བར་བལ་ཡུལ་གྱི་འཁྲབ་སྟོན་ཁང་ཞིག་ཏུ་འཁྲབ་སྟོན་བྱེད་རྒྱུ་གཏམ་འཁེལ་བྱས་ཟིན་ཡང་། འཁྲབ་སྟོན་བྱས་ནས་ཉིན་༩ ཙམ་གྱི་རྗེས་ཏེ་ཟླ་༦ པའི་ཚེས་༨ ཉིན་འཁྲབ་སྟོན་ཁང་དེའི་སྒྱུ་རྩལ་འགན་འཛིན་གྱིས་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ནས། གཏམ་བརྗོད་དེའི་ཐོག་ཉེན་བརྡ་སླེབས་ཡོད་ལུགས་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་འཁྲབ་སྟོན་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱིས་གཏམ་བརྗོད་དེ་འཁྲབ་སྟོན་བཀག་འགོག་བྱ་རྒྱུ་ཐག་བཅད་ཡོད་ཀྱང་། གཏམ་བརྗོད་ཀྱི་འཁྲབ་ཁྲིད་པས་ངོས་ལེན་མ་བྱས་སྟབས། ཉིན་གཉིས་རིང་མུ་མཐུད་འཁྲབ་སྟོན་བྱེད་བཅུག་རྒྱུ་ཁས་ལེན་བྱས་འདུག་པ་དང་། དེ་རྗེས་འཁྲབ་སྟོན་མཚམས་འཇོག་བྱེད་དགོས་འཁེལ་ཡོད་པ་རེད།

རྗེས་སུ་འཁྲབ་ཁྲིད་པ་དེས་རང་གི་སྒྱུ་རྩལ་གྱི་རྣམ་འགྱུར་སྟོན་པའི་རང་དབང་ལ་ཚད་བཀག་བཟོས་པ་དེས། རང་གི་ལུང་པར་རང་ཉིད་སྐྱབས་བཅོལ་བ་ཡིན་པའི་ཚོར་བ་བྱུང་སྐོར་བརྗོད་ཡོད་པ་རེད། ད་ལྟའི་ཆར་གཏམ་བརྗོད་དེ་བསྐྱར་དུ་ཟླ་༡༠ པའི་ཚེས་༢༦ ནས་༢༨ བར་བལ་ཡུལ་གྱི་འཁྲབ་སྟོན་ཁང་ཞིག་ཏུ་འཁྲབ་སྟོན་བྱེད་རྒྱུ་རེད་ཡོད་འདུག

འཁྲབ་ཁྲིད་པས་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལ། གཏམ་བརྗོད་དེ་ཁོང་གི་བརྩམས་ཆོས་སྐོར་ར་ཞེས་པ་ལས་སེམས་འགུལ་ཐེབས་ཡོད་པ་དང་། ཁོང་གི་སྙན་ངག་ཁག་ཅིག་ཀྱང་བེད་སྤྱོད་བྱས་སྐོར་བརྗོད་ཡོད་པ་རེད། བརྗོད་བྱ་གཙོ་བོ་ནི་བལ་ཡུལ་དང་རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་སྡུག་སྐོར་ལ་རེད་འདུག

རྒྱ་ནག་གི་གནོན་ཤུགས་འོག་དེ་སྔོན་ཟླ་༢ པའི་ནང་རྒྱ་གར་གྱི་གཏམ་བརྗོད་རྩོམ་པ་པོ་རྒྱ་གར་བ་ཨཱ་བྷི་ཤེག་མཱ་ཇུམ་ཌར་གྱིས། ཉེ་སྔོན་ཁོང་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་རྒྱ་གར་ནང་གི་བོད་མི་ཁག་གི་མི་ཚེའི་ལོ་རྒྱུས་ལ་གཞིར་བཞགས་པའི་དེང་རབས་ཀྱི་བོད་ནང་གི་འཚོ་བའི་སྐོར་ལ་གཏམ་བརྗོད་ཞིག་བརྩམས་ནས། དབྱིན་ཡུལ་དུ་འཁྲབ་སྟོན་བྱེད་ཆེད་གྲ་སྒྲིག་ཆ་ཚང་ཟིན་ཡོད་ཀྱང་། རྗེས་སུ་རྒྱ་ནག་གི་སེམས་ཚོར་ལ་དོ་ཕོག་འགྲོ་བར་སྐྲག་ནས་འཁྲབ་སྟོན་བྱེད་རྒྱུ་བཀག་འགོག་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།