དེང་སྐབས་རང་ཉིད་ལ་གཟབ་ནན་གྱིས་འདྲི་དགོས་པའི་དྲི་བ་འགའ།

སེར་ཤུལ་རིན་ཆེན་དོན་གྲུབ།
༡༽ མང་གཙོ་ཟེར་ན་རྒྱུ་མཚན་དང་འགན་ཁུར་ཡོད་མེད་ལ་མ་ལྟོས་པར་རང་གིས་གང་བསམ་པ་དེ་བཤད། གང་འདོད་པ་དེ་བྱས། གང་དྲན་པ་དེ་སྤེལ་བའི་ལམ་ལུགས་ཤིག་ལ་ཟེར་རམ།
༢༽ ཡང་དག་པའི་མང་གཙོ་དང་ཡ་རབས་བཟང་སྤྱོད་གཉིས་འགལ་བ་ལྟག་སྤྲོད་ཡིན་ནམ།
༣༽ སུ་ཞིག་གིས་རྒྱུ་མཚན་དང་ལེགས་བཤད་དུ་མཐོང་ནས་གང་ཟག་ཅིག་གི་གསུང་དང་། དེའི་ལྟ་གྲུབ་ཀྱི་རྗེས་སུ་འབྲངས།
དེ་དང་མི་མཐུན་པའམ་དེ་ལ་རྒོལ་མཁན་དག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་ན་དེ་མང་གཙོ་དང་འགལ་བ་ཡིན་ནམ།

༣༽ལངས་ཕྱོགས་མི་མཐུན་པའི་གནས་ཚུལ་འོག་ལངས་ཕྱོགས་གཞན་དེར་དགག་བྱ་བྱེད་སྐབས། ཆེ་མཐོང་ཞུ་ཡུལ་གྱི་གང་ཟག་ཆེ་གེ་མོའི་ལུང་འདྲེན་དང་། རླབས་ཆེན་གྱི་སྐྱེས་བུ་ག་གེ་མོའི་གསུང་ཡང་དག་དང་། བཀའ་ཚད་མ་ཡིན་པས་དེ་དང་འགལ་བས་མི་འགྲིག་ཚུལ་གླེང་ན་མང་གཙོ་དང་མི་མཐུན་འམ། ཡང་སྙིང་མང་གཙོ་ནི་ལུང་འདྲེན་མི་ཆོག་པའི་རིང་ལུགས་ཤིག་ཡིན་ནམ།

༤༽ཆེས་མཐོ་རིམ་གྱི་ཁྲིམས་བཟོའི་སྒྲིག་འཛུགས་ཏེ་སྤྱི་འཐུས་ཀྱི་རྐུབ་སྟེགས་ནི། ཆོལ་ཁའི་ཕྱོགས་རིས་མི་བྱེད་པ་དང་། སློབ་གྲྭ་ག་གེ་མོ་ཞིག་ནས་ཐོན་པ། རྩོད་རྒྱུགས་ག་གེ་མོ་ཞིག་གི་བརྒྱ་ཆ་མཐོ་བ། ཚིག་བཅད་གང་ཞིག་འབྲི་ཤེས་པ། ཚོགས་པ་གང་ཞིག་གི་ཕྱག་མཛོད་དམ། མ་ཆེན། ཚོང་བ། མཛེས་མ། གྲྭ་ཚང་གང་ཞིག་གི་ཨར་ལས་པ། སློབ་ཕྲུག་སོགས་ཀྱིས་འཐབ་རྩོད་བྱ་ས་ཞིག་ཡིན་ནམ། དེ་དག་གིས་དུས་ནས་དུས་སུ། རྒྱལ་སྤྱི་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་ལ་བསྟུན་ནས་ལན་འདེབས་དང་། སྒྱུར་བཅོས། དབང་སྒྱུར་ཐུབ་བམ། དེ་དག་གིས་འཛིན་སྐྱོང་གི་རླབས་ཆེན་ཕྱག་ལས་ལ་སྟངས་སྐུལ་དང་ཚོད་འཛིན་ཐུབ་བམ། ཡང་སྙིང་འདི་དག་གི་ཆེད་ལས་དང་སྤྱི་འཐུས་ཀྱི་རྐུབ་སྟེགས་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ། འདི་དག་ཅི་ཞིག་གི་ཆེད་དུ་ལངས་བཞིན་ཡོད་དམ།

༥༽འོས་བསྡུའི་དྲིལ་བསྒྲགས་ནི། གང་ཞིག་རྒྱལ་ཚོང་བ་ཡིན་མིན་དང་། གང་ཞིག་གིས་མི་བསད་ཡོད་མེད། གང་ཞིག་གིས་སྒེར་ཟ་བྱས་ཡོད་མེད། སུ་ཞིག་གིས་སུ་ཞིག་གཏམ་བཤད་དུ་ཡོང་བཅུག་ཡོད་མེད། སུ་ཞིག་གིས་པཎ་ཆེན་རིན་པོ་ཆེར་ངོ་རྒོལ་བྱས་མྱོང་མིན། སུ་ཞིག་ལོག་སྤྱོད་པ་ཡིན་མིན། སུ་ཞིག་ལ་དད་པ་ཡོད་མེེད། སུ་ཞིག་སུ་ཡིན་མིན། སུ་ཞིག་སུའི་མི་ཡིན་པ་སོགས་གཙོ་གནད་དུ་བཟུང་དགོས་པ་ཞིག་ཡིན་ནམ། དེ་ནི་མང་གཙོ་ཡང་དག་པའི་མཚོན་རྟགས་ཤིག་ཡིན་ནམ། ཡང་ན་མང་གཙོ་ལ་མི་དགོས་པའི་གླེང་ཕྱོགས་ཤིག་ཡིན།

༦༽མང་མོས་ཀྱིས་ཐག་གཅོད་ལ་གོང་བཀུར་མི་བྱེད་པ་མ་ཟད། མི་མང་གིས་བདམས་པའི་དབུ་ཁྲིད་ལ་བརྩི་བཀུར་ཅུང་ཟད་ཀྱང་མི་བྱེད་པར། མི་མང་གི་སྐུ་ཚབ་འཐུས་མི་དག་གི་ལམ་བཀག འདྲུད་འཐེན་བྱས། སོད་ན་བསད་རྒྱུ་ཡིན་ལབ། དེ་དག་གིས་མང་གཙོ་ལ་དོ་ཕོགས་བཏང་པའི་སྐོར་ལ་ཟུར་ཙམ་ཡང་མི་གླེང་བར། ངའི་བླ་མ་ལ་མཚན་སྨོད་བྱས་ན་མི་འགྲིག་ཟེར་བ་ཙམ་དང་། འོས་མི་ཞིག་ལ་གཏམ་བཤད་གོ་སྒྲིག་མ་བྱས་པ་དེས་མང་གཙོ་ལ་རྒོལ་སོང་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད་པ་ནི་དྲང་བདེན་ཞིག་ཡིན་ནམ། གནས་ལུགས་ཤིག་ཡིན་ནམ། དེ་ཡང་མང་གཙོ་ཞིག་ཡིན་ནམ།
༧༽ བོད་རང་བཙན་ནི་ཉོ་རྒྱུ་ཞིག་ཡིན་ནམ། བོད་གཞུང་གིས་རྒྱལ་ཁབ་གཞན་གྱིས་འཐུས་མི་དུ་ཉོ་ཐུབ་བམ།ཉོ་ཐུབ་ན་ཡང་དེ་དག་གིས་བོད་རང་བཙན་ལ་ནུས་པ་ཅི་ཙམ་ཞིག་ཐོན་ཐུབ་བམ།ཐེ་ཝན་དང་། ཡུ་གར་སོགས་དང་མཉམ་འབྲེལ་གྱིས་དམག་ཆེན་ཞིག་བརྒྱབས་ན་གུང་ཁྲན་ཏང་ཕམ་ཉེས་བཏང་ཐུབ་བམ། ཡང་ན་དེ་དག་དང་མཉམ་འབྲེལ་བྱས་ན་རྒྱ་ནག་གིས་གྲོས་མོལ་དང་ལེན་བྱེད་སྲིད་དམ། དོན་དངོས་ཐོག་ཐབས་ཇུས་འདི་ཅི་འདྲ་ཞིག་ཡིན་ནམ།

༨༽ སྲིད་སྐྱོང་གླེང་སྟངས་ནི། དད་པ་ཡོད་མེད་དང་། མི་གསོད་ཡིན་མིན། ཁང་པ་བརྒྱབ་མིན། རྒྱུ་ཟ་བྱས་མིན། ལུག་རྫི་ཡིན་མིན་སོགས་ལ་འཁྲུན་གཅོད་ཀྱི་ངལ་བ་བྱེད་པ་ཁོ་ན་ལ་གཞོལ་བ་ལས་རང་བཙན་ནམ་རང་སྐྱོང་སྒྲུབ་ཐབས་ཀྱི་ཐབས་ལམ་གང་ཡོད་དང་། ཚད་ངེས་ཅན་གྱི་བསྒྲུབ་ཐུབ་པ་གང་ཡོད། ད་དུང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མ་འོངས་ལས་འཆར་གང་འཚམ་ཚད་ལྡན་ཡོད་མཁན་དག་གི་ཐབས་ཇུས་དང་ལས་འཆར་སོགས་ཟུར་ཙམ་ཡང་མི་གླེང་བ་ནི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད་དམ། སྐད་ཡིག་ནི་བོད་ཀྱི་སྲོག་རྩ་ཡིན་ཟེར་ནས་ནམ་ནམ་ཞར་ཞར་ལ་འུར་བ་མིན་ནམ།

༩༽ སྲིད་སྐྱོང་གླེང་སྟངས་ནི། འདས་པ་རྐྱང་རྐྱང་བཙལ་དགོས་པ་དེ་ཡིན་ནམ། ཡང་ན་མ་འོངས་ཐབས་ཇུས་གླེང་དགོས། མ་འོངས་ཐབས་ཇུས་དང་འཆར་གཞི་གླེང་དགོས་ན་སུ་ལ་འཆར་གཞི་འདུག་གམ། འཆར་གཞི་དེ་ལག་ལེན་འཁྱོལ་ཐབས་ཀྱི་ཚད་གཞི་གང་འདྲ་འདུག དེ་དག་གླེང་མཁན་མེད་པ་ཅི་ཡིན་ནམ། དེ་དག་འདྲི་མཁན་མེད་པ་ཅི་ཡིན་ནམ། དེ་དག་བཤད་མཁན་མེད་པ་ཅི་ཡིན་ནམ། ཡོད་ཚད་འདས་པ་དང་ནོར་འཕྱུག་རེ་ཟུང་ཡང་གླེང་བསྐྱར་གླེང་བྱེད་དོན་ཅི་ཡིན་ནམ།

༡༠༽ ཐེངས་འདིའི་འོས་བསྡུའི་སྐོར་རྒྱ་ནག་དང་། ཐེ་ཝན་སོགས་ཀྱིས་དོ་སྣང་བྱེད་ཀྱི་འདུག་ཅེས་ངོམ་སོ་བྱེད་འོས་པ་ཞིག་ཡིན་ནམ། གལ་སྲིད་བོད་ཀྱི་འཐབ་རྩོད་དེ་རང་བཙན་གྱི་ལམ་ཁར་སོང་ན་རྒྱ་ནག་སྲིད་གཞུང་དགའ་བཞིན་ཡོད་དམ། ཡང་ན་སྡུག་བཞིན་ཡོད། སྡུག་བཞིན་ཡོད་ན་རྒྱ་ནག་གིས་དུས་ནས་དུས་སུ་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ཀྱིས་མངོན་གསལ་ཡིན་མིན་མ་གཏོགས་རང་བཙན་རྩོད་བཞིན་ཡོད་རེད་ཅེས་ས་བསྒྲགས་གནམ་བསྒྲགས་བྱེད་དོན་ཅི་ཡིན་ནམ། དེ་ནི་རང་བཙན་རྩོད་ན་རྒྱ་ནག་ལ་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་ཡིན་ནམ། ཡང་ན་རང་བཙན་རྩོད་ན་རྒྱ་ནག་སྲིད་གཞུང་ལ་ཁེ་བཟང་ཡོད་པའི་རྟགས་ཡིན།
༡༡༽ སྲིད་སྐྱོང་མཆོག་གིས་བོད་རང་བཙན་རྩོད་ན༧གོང་ས་མཆོག་དང་། དབུས་སྒྲིག་འཛུགས་ཀྱི་ལས་བྱེད་ཚོ་རྒྱལ་ཁབ་གཞན་ལ་སྐོར་སྐྱོད་བཀག་འགོག་བྱེད་རྒྱུ་དང་། རྒྱབ་སྐྱོར་མེད་པ་ཆགས་རྒྱུ་ཡིན་པ་ད་ལྟའི་ཝེ་ཝན་དང་དཔེ་སྦྱར་ནས་གསུང་བ་དེ་བདེན་པ་ཡིན་ནམ། གལ་བདེན་པ་ཡིན་ན་རང་བཙན་གྱི་ལམ་ཁར་སོང་ན་མ་འོངས་པར་ལས་ཀ་ཅི་ལྟར་བྱེད་དམ། བདེན་པ་མིན་ན་མིན་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་དག་ལ་བསམ་བློ་གཏོང་མི་འོས་སམ།
༡༢༽འདི་དང་འདི་ལ་སོགས་པ་རང་ཉིད་ལ་ནན་འདྲི་བྱས། བསྐྱར་དྲི་བྱས། དེ་ནས་རང་གི་རྣམ་དཔྱོད་ཀྱིས་ཐག་བཅད་དེ་མང་གཙོའི་ཐོབ་ཐང་ཆེ་ཤོས་ཀྱི་འོས་ཤོག་དེ་བླུག་དགོས་པ་ཡིན་ནོ།།
༢༠༡༥/༡༠/༥/ གུང་སེང་ཉིན་བྲིས།