ཟླ་འདིའི་ཚེས་༥ ནས་བཟུང་ཉིན་གྲངས་གཉིས་ཀྱི་རིང་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གདན་ས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོའི་ཡང་སྟེང་ཚོགས་ཁང་ནང་དུ།
མོན་གྷོ་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་སྨན་ཁང་ཁག་གི་རྩིས་པ་བཅས་སུ་རང་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཆེད་ཕེབས་ཀྱིས་གནས་ཡུལ་རྒྱ་གར་གཞུང་གིས་ཁྲིམས་སྒྲིགས་གཞིར་བཟུང་གིས་རྒྱ་གར་གཞུང་ལ་ཁྲལ་དངུལ་སྤྲད་སྟངས་དང་། ཚོགས་པ་སྒྲིགས་འཛུགས་ཆེ་ཆུང་ཁག་གི་དེབ་བསྐྱལ་བྱེད་སྟངས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་ལེན་སྟངས་དང་བེད་སྤྱོད་བྱེད་སྟང་བཅས་དོན་ཚན་གསུམ་གྱི་ཐོག་ལ་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་།
ཐེངས་འདིའི་ཟབ་སྦྱོང་ཐོག་རང་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་དང་ཕྱག་རོགས་བསྟན་འཛིན་ལུང་རྟོགས་གཉིས་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་རང་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དངོས་སུ་ཟབ་སྦྱོང་གནང་སར་ཕེབས་ནས་ཟབ་ཁྲིད་གནང་དོན་གཙོ་བོ་གོང་བརྗོད་དོན་ཚན་གསུམ་གྱི་སྐོར་ནས་ཟབ་སྦྱོང་སྤྲོད་དུ་ཕེབས་ཡོད་པ་དང་།
གལ་ཆེ་རང་བཞིན་ཅན་གྱི་དོན་ཚན་འདི་དག་གི་ཐོག་སྐྱབས་བཅོལ་བོད་མི་ཡོངས་ནས་ཐུགས་སྣང་ངེས་པར་དུ་གནང་དགོས་ཀྱི་ཡོད་པ་དང་། དོན་ཚན་དང་པོ་ཚོགས་པ་སྒྲིགས་འཛུགས་ཁག་དེབ་བསྐྱེལ་བྱེད་སྟངས་དང་། གཉིས་པ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་གཞུང་ལ་ཁྲལ་དངུལ་སྤྲོད་སྟངས་སྐོར་དང་། གསུམ་པ་ང་ཚོ་བཙན་བྱོལ་བ་རྣམས་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་འབྱོར་བཞིན་ཡོད་པ་དེ་དག་ལེན་སྟངས་དང་བེད་སྤྱོད་བྱེད་སྟངས་བཅས་དོན་ཚན་གསུམ་གྱི་སྐོར་ལ་ཟབ་སྦྱོང་སྤྲོད་དུ་ཆེད་ཕེབས་གནང་བ་ཞིག་ཡིན་པ་རེད་ལ།
ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ལ་མཚོན་ན་གཙོ་བོ་ས་གནས་འདིར་ཡོད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་གྲ་ཚང་ཁག་གི་ཕྱག་མཛོད་དང་རྩིས་བ་བཅས་ཡིན་པ་དང་། དེ་བཞིན་ས་གནས་ཀྱི་སྨན་ཁང་ཁག་གི་རྩིས་པ་སོགས་ཀྱང་མཉམ་ཞུགས་ཐོག་ཉིན་གྲངས་གཉིས་ཀྱི་རིང་ལ་ཟབ་སྦྱོངས་འཚོགས་ཡོད་པ་རེད།
ཟབ་སྦྱོང་འདི་གྲོལ་བའི་རྗེས་སུ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཡོད་པའི་གདན་ས་སེར་ར་དགོན་དུ་བརྗོད་གཞི་དེ་ག་རིང་གིས་ཐོག་ལ་ཟབ་སྦྱོང་གནང་འཆར་ཡོད་པ་དང་། དེ་ཡང་སྦེལ་ཀོབ་གཞིས་ཆགས་དང་ཐག་ཉེར་ཡོད་པའི་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དང་། ཀོ་ལི་སྒར་གཞིས་ཆགས་བཅས་སུ་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ཕྱག་མཛོད་དང་རྩིས་བ་སོགས་གདན་ས་སེར་ར་དགོན་དུ་འཛོམས་དེ་ཟབ་སྦྱོང་འདི་གཅིག་མཚུངས་སྤྲོད་རྒྱུ་ཡིན་པ་རེད་འདུག
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།