མདོ་དབུས་ཁམས་གསུམ་སྐད་འཕྲིན་དྲྭ་བ་ཚོགས་པའི་གསལ་བསྒྲགས།

༄༅།།དྲྭ་བདག་ཚོགས་གཙོ་རྒྱལ་མོ་རྔུལ་ཆུ་དང་ཚོགས་གཞོན་འབྲོང་པའི་བུ་གཉིས་ཀྱི་ཆེད་བཙུགས་བྱས་པས།མདོ་དབུས་ཁམས་གསུམ་ཟེར་པའི་ལག་ཐོག་ཁ་པར་གྱིས་སྐད་འཕྲིན་དྲྭ་བ།ཚོགས་མི་༡༠༠ ཡོད་པ་དེ་བཙུགས་ནས་ལོ་གཅིག་ཙམ་སོང་རིང་ལ།ནམ་རྒྱུན་བོད་མི་རིགས་ཀྱི་རྩ་དོན་ཐོག་གླེང་མོལ་སྣ་ཚོགས་བྱེད་བཞིན་པ་དང་།བོད་ཕྱི་ནང་གི་རིག་གཞུང་བཞས་སྣ་འདྲ་མིན་དང་དུས་ཐོག་བོད་དོན་དང་འབྲེལ་པའི་གསར་འགྱུར་མཁོ་གཏོང་སོགས་བྱེད་བཞིན་ཡོད་པ་དང་།   དམིགས་བསལ་སྐད་འཕྲིན་དྲྭ་བ་དེའི་ཁྱད་ཆོས་ཞིག་ཡོད་པ་དེ་ནི།   དཔལ་ལྡན་སྲིད་སྐྱོང་མཆོག་གི་གཅིག་བསྒྲིལ་དང་།གསར་གཏོད།རང་ཁ་རང་གསོ།གསུང་པའི་དགོངས་དོན་བཞིན་གཅིག་བསྒྲིལ་གི་རྣམ་པས་དྲྭ་བ་དེའི་ནང་ཚོགས་མི་རྣམས།བོད་ཕྱི་ནང་གཉིས་དང་།ཆོལ་ཁ།ཆོས་ལུགས།ཕོ་མོ།ལུང་ཚན།སྡོད་གནས་སོགས་ཁྱད་མེད་ཀྱི་མཉམ་ཞུགས་བྱས་ཡོད་ལ།གསར་གཏོད་ཀྱི་རྣམ་པ་ནི་དེང་དུས་ཀྱི་དྲྭ་ལམ་བརྒྱུད།ཕན་ཚུན་མི་རིགས་ཀྱི་ལར་ཞེན་དང་།རྩ་དོན་སོགས་གླེང་མོལ་སྣ་ཚོགས་བྱེད་ཐུབ་པ་བྱུང་པ་མ་ཟད།ལྷག་པར་རང་ཁ་རང་གསོའི་དགོངས་དོན་བཞིན་ཉེ་པའི་ཆར་ཕྱི་ལོ་༢༠༡༤སྤྱི་ཟླ་༤དང་༥།༦བཅས་ཟླ་ངོ་གསུམ་ཙམ་གི་རིང་ལ།   རྡ་རམ་ས་ལར་གནས་བཞུགས་སྨར་ཁམས་པ་བོུ་སྒྲོལ་མ་ཆོས་འཛོམ་མཁལ་མ་གཉིས་བེད་མེད་ཆགས་རྐྱེན་གྱི་ནད་མནར་ཛ་དྲག་གི་དཀའ་ངལ་འཕྲད་སྐབས་མདོ་དབུས་ཁམས་གསུམ་སྐད་འཕྲིན་དྲྭ་བ་དེ་ནས་ཞལ་འདེབས་ཧིན་སྒོར་༣༣༤༨༤༧བསྡུ་འབུལ་ཐུབ་པ་བྱུང་ཡོད་པ་དང་། ཡང་ལ་དྭགས་གནས་སྡོད་སྟོད་སྤུ་ཧྲིང་ནས་ཡིན་པ་བོུ་བསོད་ནམས་དབྱངས་འཛོམ་གོང་མཚུངས་མཁལ་མ་གཉིས་བེད་མེད་ཆགས་པས་ཛ་དྲག་ནད་མནར་སྐབས་ཧིན་སྒོར་   ༢༩༡༤༣༠་༥༢བསྡུ་འབུལ་ཐུབ་པ་བྱུང་པ།དེ་བཞིན་ཧོན་སུར་གཞིས་སྒར་རྒན་གསོ་ཁང་ནང་ཡོད་པའི་ཕ་རྒྱམ་མཚོ་ལགས་དངུལ་ཁང་ནང་ལོ་མང་བུན་དངུལ་འཇལ་མ་ཐུབ་པའི་སེམས་སྡུག་གི་གནས་བཞིན་པར་གོ་ཐོས་བྱུང་མ་ཐག་མདོ་དབུས་ཁམས་གསུམ་གི་ཚོགས་མི་ནས་མ་དངུལ་ཧིན་སྒོར་༡༢༥༠༩༩་༠༧བསྡུ་རུབ་ཀྱི་ཕ་རྒྱམ་མཚོའི་བུན་དངུལ་མ་བསྐྱེད་ཆ་ཚང་གཙང་འཇལ་ཐུབ་པ་མ་ཟད་དངུལ་ལྷག་རྣམས་ཧོན་སུར་དང་།མོན་གྷོ་གཞིས་སྒར་བཅས་ཀྱི་རྒད་གཅོང་ནད་པ་ཉམ་ཐག་ཁག་གཅིག་ལ་ལག་དངུལ་དཀའ་སེལ་དུས་ཐོག་ཕུལ་ཐུབ་པ་བྱུང་ཡོད་པ་དེ་དག་ནི་གོང་གསལ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་པའི་དགོངས་དོན་དང་ཡོངས་སུ་མཐུན་ཞིང་།   ཞལ་འདེབས་གནང་མཁན་གྱི་མི་སྣ་སྐད་འཕྲིན་དྲྭ་བ་དེའི་ཚོགས་མི་དང་ཚོགས་མི་བརྒྱུད་ནས་གནང་མཁན་ཆ་ཚང་རང་རིགས་བོད་མི་ཡིན་པ་མ་ཟད་ས་ཕྱོགས་ཀྱང་།མང་ཤོས་ཨ་རིའི་དང་།དེ་བཞིན་ཁེ་ན་ཌ།ཡུ་རོབ་རྒྱལ་ཁབ་འདྲ་མིན་ཨོ་སི་ཁྲོ་རི་ཡ།ཐའེ་ཝན།རྒྱ་གར་དང་།བལ་ཡུལ་སོགས་ས་ཕྱོགས་འདྲ་མིན་ནས་ཡོད་པ་དང་རྒྱུན་ལྡན་ཚོགས་མི་མང་ཆེ་བ་དྲྭ་མིང་ཁོ་ན་མ་གཏོགས།དངོས་མིང་བེད་སྤྱོད་བྱེད་སྲོལ་མེད་པར་བརྟེན་ཕན་ཚུན་ངོ་ཤེས་རྒྱུས་ལོན་གང་ཡང་མེད་ཀྱང་།ཞལ་འདེབས་གནང་མཁན་དང་བསྡུ་རུབ་འགན་འཁུར་བྱེད་མཁན་དོ་བདག་ཚོས་ཕྱག་ཏུ་ཕུལ་མཁན་སོགས་ཚང་མས་ཕན་ཚུན་ཡིད་ཆེས་དང་།གུས་རྩིས་བཅས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གི་བོད་མིའི་ཡ་རབས་དཔྱོད་བཟང་མིང་དོན་མཚུངས་པའི་བྱེད་ཕྱོགས་དེ་ལ་ལག་ཐོག་ཁ་པར་གིས་སྐད་འཕྲིན་དྲྭ་བ་དེ་དང་དེ་འདྲ་བ་ཚང་མས་མིག་དཔེ་གཟིགས་གནང་ཡོང་པའི་རེ་བ་དང་བཅས།

མདོ་དབུས་ཁམས་གསུམ་སྐད་འཕྲིན་དྲྭ་བ་ཚོགས་པ་ནས་ཕྱི་ལོ་༢༠༡༤ཟླ་༧ཚེས་༨ལ་ཕུལ།