དོན་དངོས་སུ་ཨི་སི་རེལ་དང་ཨེ་རན་གཉིས་སུ་ཁེར་རྐྱང་དུ་ལུས་སམ། སུས་གྷ་ཛ་ལ་དབང་སྒྱུར་བྱེད་སྲིད་དམ།

ཟླ་འདིའི་ཚེས་༨ ་ཉིན་(Firstpost) ་ཞེས་པའི་གསར་འགྱུར་ཁང་གིས་དབུས་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་བ་དང་། ཨ་རབ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་མཉམ་འབྲེལ་བྱས་ནས་ཨི་སི་རེལ་འཇིགས་སྐུལ་བ་ལས་སྲུང་སྐྱོབ་ཐེངས་གཉིས་བྱས་ཡོད་པ། དམག་འཁྲུག་འདི་མཇུག་བསྒྲིལ་པའི་རྗེས། སུས་གྷ་ཛ་ལ་དབང་སྒྱུར་བྱེད་རྒྱུ་ཡིན་མིན་སོགས་དང་འབྲེལ་བའི་རྩོམ་ཡིག་ཅིག་བཀོད་འདུག

པར། Firstpost

རྩོམ་ཡིག་དེའི་ནང་དུ་ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་མེ་ཁོ་རོན་གྱིས་ཨི་སི་རེལ་ལ་མཚོན་ཆ་འཚོང་རྒྱུར་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་ན་ཡང་། བདུན་ཕྲག་སྔོན་མའི་ནང་ཨི་རན་གྱི་འཕུར་མདས་ཨི་སི་རེལ་ལ་གཏོར་རྒོལ་བྱེད་པའི་སྐབས། ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཨི་སི་རེལ་ལ་སྲུང་སྐྱོབ་བྱས་ཡོད་པ་མ་ཟད། ཧྥ་རན་སིས་ཀྱང་ཨི་སི་རེལ་ལ་སྲུང་སྐྱོབ་བྱས་ཡོད་པ། དེ་བཞིན་ལོ་འདིའི་ཕྱི་ཟླ་༤ ་པའི་ནང་ཨི་རན་གྱིས་ཨི་སི་རེལ་ལ་གཏོང་རྒོལ་བྱེད་པའི་སྐབས། ཨ་རི་དང་དབྱིན་ཇི། ཧྤ་རན་སི་ཙམ་མ་ཟད། སོ་དྷི་ཨ་རབ་ཀྱིས་ཀྱང་ཨི་སི་རེལ་ལ་སྲུང་སྐྱོབ་བྱས་ཡོད་པ་དང་།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་(UN) ་དང་རྒྱལ་སྤྱིའི་ཁྲིམས་ཁང་(ICJ)། རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་(ICC) ་ལྟ་བུའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་། ཨི་སི་རེལ་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ། མང་ཚོགས་ཀྱིས་ཀྱང་གྷ་རྫའི་དམག་འཁྲུག་ལ་ངོ་རྒོལ་བྱེད་བཞིན་ཡོད་ན་ཡང་། འཇིགས་སྐུལ་རིང་ལུགས་པ་དང་འཛིང་ཞིང་། ཨི་རན་དང་འཐབ་པ་སོགས་ཀྱི་གནད་འགག་ལ་ཐུག་དུས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རབ་ཀྱི་ཡུལ་ལུང་ཁག་གིས་ཨི་སི་རེལ་ལ་རྒྱབ་སྐྱོར་མུ་མཐུད་བྱེད་བཞིན་ཡོད་འདུག

ཕྱོགས་གཞན་ཞིག་ནས། ཨི་རན་གྱིས་རང་ཉིད་ཟུར་དུ་ཕུད་པ་དང་དབུས་ཤར་ཁུལ་དུ་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ཚོར་ཞིང་། འདས་པའི་ལོ་ངོ་གཅིག་གི་རིང་ཨི་སི་རེལ་གྱིས་ཨི་རན་གྱི་ཆེས་མཐོ་འགོ་ཁྲིད་ཁ་མེ་ནེའི་(Khamenei) ་མཐུན་གྲོགས་ཧ་སན་(Hassan Nasrallah) ་གཙོ་པའི་འགོ་ཁྲིད་མང་པོ་བསད་པ། ལེ་བྷེ་ནོན་ལ་ཡོད་པའི་ཧེ་ཛི་བྷོ་ལ་དྲག་དཔུང་ལ་གཏོར་བཤིག་བཏང་བ་དང་ཧ་མ་སི་དྲག་དཔུང་ལ་ཡང་གནོད་སྐྱོན་ཆེན་པོ་བཏང་བ། ད་ལྟའི་ཆར་དབུས་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་ལངས་ནས་ལོ་ངོ་གཅིག་ཧྲིལ་པོ་འཁོར་བའི་ཁྲོད། རྒྱལ་སྤྱིའི་སྡེངས་ཆའི་སྟེང་དུ་ཨི་སི་རེལ་ལ་སྐྱོན་བརྗོད་དང་། ཡུ་རོབ་དང་དེ་བཞིན་ཨ་རིའི་སློབ་ཆེན་ཁག་ཏུ་ཨི་སི་རེལ་ལ་ངོ་རྒོལ་གྱི་ལས་འགུལ་དུ་མ་ཞིག་སྤེལ་བར་བལྟས་ན། ཨི་སི་རེལ་ནི་སྔར་ལས་ལྷག་པའི་ཁེར་རྐྱང་དུ་གྱུར་ཡོད་པ་ལྟ་བུར་སྣང་ཡང་། དོན་དངོས་དེ་ལྟར་མིན་པར་བཀོད་འདུག་ལ།
ཨི་སི་རེལ་དང་དཀྱིལ་ཤར་གྱི་གནད་དོན་ཐོག་མཁས་དབང་ཨལ་ཝི་ཊེ་(Alvite Ningthoujam) ་ཡིས། ཨི་སི་རེལ་གྱི་བྱ་སྤྱོད་ལ་ངོ་རྒོལ་ཤུགས་ཆེན་བྱེད་མཁན་ཇོར་ཌན་རྒྱལ་ཁབ་ཕུད། ཨ་རབ་དང་། གཞན་ཡང་ཨི་རག་དང་ཁ་ཐར་སོགས་(Golf Country) ་ཚོའི་ངོས་ནས་ངོ་རྒོལ་ཤུགས་ཆེན་བྱས་མེད་པ་དང་། རྒྱལ་ཁབ་ཁག་ཅིག་གིས་སྐྱོན་བརྗོད་དང་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་ཙམ་ལས། རྒྱལ་ཁབ་གང་གིས་ཀྱང་ཨི་སི་རེལ་དང་འབྲེལ་བ་བཅད་མེད་པ་དང་། གལ་སྲིད་ཐེངས་འདིར་དེ་སྔ་ཕྱི་ལོ་༡༩༧༣ ་ལོའི་ཡོམ་ཀི་ཕུར་(Yom Kippur) ་དམག་འཁྲུག་གི་སྐབས་ལྟར། ཨ་ཧྥི་རི་ཀ་དང་ལ་ཊིན་ཨ་མེ་རི་ཀའི་རྒྱལ་ཁབ་བཅུ་གཉིས་ཙམ་གྱིས་ཨི་སི་རེལ་དང་འབྲེལ་བ་བཅད་པ་ལྟ་བུར་བྱུང་ཡོད་ན། ཨི་སི་རེལ་གྱི་རྒྱལ་སྤྱིའི་གནས་བབས་ལ་དངོས་གནས་གནོད་སྐྱོན་ཐེབས་ཡོད་ངེས་ཀྱང་། དེ་འདྲའི་རྣམ་པ་མཐོང་རྒྱུ་མེད་པའི་འགྲེལ་བརྗོད་བྱས་འདུག

གཞན་ཡང་ཁོང་གིས་གནས་སྟངས་དེ་ནི་དཀྱིལ་ཤར་གྱི་དབུ་ཁྲིད་རྣམས་ཀྱིས་ཨི་སི་རེལ་ལ་འཛིན་པའི་ལྟ་ཚུལ་འགྱུར་བཞིན་པ་གསལ་པོ་མཚོན་བྱེད་ཅིག་ཡིན་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་དང་གཉིས་ཀྱི་གོང་དུ། ཇོར་ཌན་དང་སོ་དྷི་ཨ་རབ་ཀྱི་དམག་དཔུང་གིས་ཨི་སི་རེལ་སྲུང་སྐྱོབ་ཀྱི་དམག་འཐབ་ནང་མཉམ་ཞུགས་བྱེད་པའི་བསམ་བློ་དེ་ནི་གད་མོའི་གཞི་ཞིག་ཡིན་ཡང་། འདས་པའི་ལོ་ངོ་གཅིག་གི་ནང་། ང་ཚོས་རྒྱལ་ཁབ་དེ་གཉིས་ཀྱིས་ཨི་སི་རེལ་ལ་རོགས་པ་བྱས་ནས་ཨི་རན་ལ་ཁ་གཏད་ཐེངས་གཉིས་བཅག་པ་མཐོང་ཡོད་པ་སོགས་དོན་དངོས་སུ་གནས་སྟངས་འགྱུར་བཞིན་ཡོད་པར་གསུངས་འདུག

ཨི་སི་རེལ་དང་ཨི་རན་གཉིས་ལས་སུ་ཞིག་ཟུར་དུ་ཕུད་ཅིང་ཁེར་རྐྱང་དུ་ལུས་ཡོད་དམ།

ཟླ་བ་སྔོན་མའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཨི་སི་རེལ་གྱིས་(West bank) ་ཁུལ་གྱི་པ་ལི་སི་ཐན་གྱི་མངའ་ཁོངས་བཙན་འཛུལ་བྱས་པ་མཇུག་སྒྲིལ་དགོས་པའི་འོས་བསྡུའི་ཁྲོད་མང་མོས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། ན་ནིང་ཕྱི་ཟླ་༡༠ པའི་ནང་་དབུས་ཤར་གྱི་དམག་འཁྲུག་ལངས་པ་ནས་བཟུང་། པ་ལི་སི་ཐན་ལ་ངོས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་མང་དུ་ཕྱིན་ཏེ། རྒྱལ་ཁབ་འགའ་ཤས་ཀྱིས་ཨི་སི་རེལ་དང་འབྲེལ་བ་བྱེད་རྒྱུ་ཉུང་དུ་བཏང་ཡོད་འདུག ལྷོ་ཨ་ཧྥི་རི་ཁས་ཨི་སི་རེལ་ལ་ཁ་མཆུ་བཙུགས་པ་སོགས་རྒྱལ་སྤྱིའི་ཁྲིམས་ཁང་དང་རྒྱལ་སྤྱིའི་ཉེས་ཁྲིམས་ཁང་བཅས་སུ་ཨི་སི་རེལ་ལ་དཀའ་ངལ་འཕྲད་ཡོད་ན་ཡང་། ཨི་སི་རེལ་གྱིས་དེ་ལྟ་བུའི་རྒྱལ་ཁབ་ཚོར་རེ་མི་དགོས་པའི་དབང་གིས་ཨི་སི་རེལ་ལ་ཤུགས་རྐྱེན་ཐེབས་མེད་པར་བཀོད་འདུག།

ཨི་སི་རེལ་གྱི་གནད་དོན་ཐོག་ལ་དབྱེ་ཞིབ་པ་ཨ་རིར་གནས་སྡོད་བྱེད་མཁན་ཨེཕ་ར་ཡིམ་(Shaiel Ben Ephraim) ་གྱིས་ཨི་སི་རེལ་དང་ལྷོ་ཨ་ཧྥི་རི་ཁའི་འབྲེལ་བ་ནི་རྟག་ཏུ་འཁྲུག་ཆ་དོད་པོ་ཡིན་པ་དང་། འདས་པའི་ལོ་གཅིག་གི་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཅན་དུ་གྱུར་ཡོད་པ། ཨི་སི་རེལ་གྱིས་ལྷོ་ཨ་ཧྥི་རི་ཁ་དང་གཞན་འཕེལ་རྒྱས་ཡོང་བཞིན་པའི་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱི་བསམ་ཚུལ་ཐོབ་ཐབས་ཀྱི་འཐབ་རྩོད་དེ་ཡུན་རིང་སྔོན་ནས་ཤོར་ཟིན་པར་བརྟེན། རྒྱལ་ཁབ་དེ་དག་གི་སྐྱོན་བརྗོད་ཀྱིས་ཨི་སི་རེལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་མ་རེད་ཅེས་བརྗོད་འདུག

དེ་བཞིན་ཁོང་གིས་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཚོ་གལ་ཆེན་ཡིན་ཡང་། ཨི་སི་རེལ་གྱིས་རྒྱལ་ཁབ་དེ་དག་ལ་འཚོ་གནས་སམ་གསོན་པོ་གནས་ཆེད་བརྟེན་གྱི་མེད་པ་དང་། ཨི་སི་རེལ་གྱིས་རང་ཉིད་མ་ཤི་གསོན་གནས་ཆེད་ཨ་རི་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་ལ་བརྟེན་གྱི་ཡོད་པ་དང་། རྒྱལ་ཁབ་དེ་དག་གིས་ཨི་སི་རེལ་དང་འབྲེལ་བ་བཅད་མེད་པ་མ་ཟད་རྒྱབ་འགལ་ཡང་བྱས་མེད་པར་བརྟེན། ཨི་སི་རེལ་ཁེར་རྐྱང་དུ་ལུས་མེད་པ་མ་ཟད་རྒྱབ་སྐྱོར་ཡང་བརླག་མེད་ཅེས་བརྗོད་འདུག

གཞན་ཡང་ཁོང་གིས་ཕྱོགས་གཞན་ནས། རྒྱ་ནག་དང་ཨུ་རུ་སུ་གཉིས་ད་དུང་ཡང་ཨི་རན་གྱི་མཐུན་ཕྱོགས་སུ་བརྟན་པོར་ལངས་ཡོད་ན་ཡང་། ཨི་རན་གྱིས་གྲོགས་པོ་གཙོ་བོ་འགའ་ཤས་ཤོར་བཞིན་པ་མངོན་ཡོད་པ་དང་། ཧ་མ་སི་ནི་སྔར་གྱི་གཟུགས་བརྙན་གྱི་གྲིབ་མ་ཙམ་དུ་གྱུར་ཡོད་པ་དང་། ཧེ་ཛི་བྷོ་ལར་གཏོར་བཤིག་ཕོག་སྟེ། དེའི་འགོ་ཁྲིད་རྣམས་འདས་གྲོངས་སུ་གྱུར་ཞིང་། ཚོད་དཔག་བྱས་ན་དེའི་དམག་འཐབ་ཀྱི་ནུས་པ་ཕལ་ཆེར་ཕྱེད་ཀ་ཙམ་གཏོར་བཤིག་བཏང་ཡོད་པ་དང་། ཨི་སི་རེལ་ལ་ལམ་ལྷོང་དང་རྒྱལ་ཁ་ཐོབ་ཡོད་པར་བརྗོད་འདུག

ཨི་སི་རེལ་གྱི་གནད་དོན་ཐོག་ལ་དབྱེ་ཞིབ་པ་ཨེཕ་ར་ཡིམ་(Shaiel Ben Ephraim) ་གྱིས་ཨི་རན་གྱིས་གྲོགས་པོ་བརླགས་པ་ཙམ་མ་ཡིན་པར། ཨི་སི་རེལ་ལ་གནོད་འཚེ་གཏོང་བའི་ནུས་པའང་ཤོར་བཞིན་པ་མངོན་གྱི་ཡོད་པ་དང་། དྲག་དཔུང་དག་གིས་ཨི་སི་རེལ་ལ་གཏོར་རྒོལ་ཉིན་ལྟར་ལྟ་བུ་བྱས་ཡོད་པ་མ་ཟད། ཨི་རན་གྱིས་ཐད་ཀར་ཨི་སི་རེལ་ལ་གནམ་རྒོལ་ཐེངས་གཉིས་བྱས་ཡོད་པ་བཅས། ད་ཆ་ཨི་སི་རེལ་གྱིས་དྲག་སྤྱོད་པའི་གཏོར་རྒོལ་ཆེས་སྡུག་ཤོས་དེ་མྱངས་ཟིན་པས། ཨི་སི་རེལ་ལ་གནོད་འཚེ་གཏོང་རྒྱུའི་ཐབས་ལམ་མང་པོ་ཨི་རན་ལ་ལྷག་མེད་ཅེས་དང་།

ཨི་རན་གྱིས་འཕུར་མདའ་ཚང་མ་འཕངས་མེད་པ་བདེན་ཡང་། ཨི་རན་གྱིས་ཐོན་གསར་པའི་འཕུར་མདའ་དག་འཕངས་ཡོད་པ་དང་། འཕུར་མདའ་དེ་དག་ཨི་སི་རེལ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་བཀག་འགོག་བྱས་ཡོད་པ་རེད་ཅེས་རྗོད་འདུག་ལ། ཨི་རན་གྱིས་ཅི་ཞིག་བྱས་ཀྱང་ཨི་སི་རེལ་ལ་གནོད་སྐྱོན་གཏོང་མི་ཐུབ་རུང་། ཨི་སི་རེལ་གྱིས་ཨི་རན་ལ་གནོད་སྐྱོན་ཆེན་པོ་གཏོང་ཐུབ་པའི་དངོས་ཡོད་ཀྱི་གནས་སྟངས་དེ་ཨི་རན་གྱིས་གདོང་ལེན་བྱེད་དགོས་པ་ཆགས་ཡོད་པ་དང་། ཨི་རན་གྱིས་ཧ་མ་སི་དང་ཧེ་ཛི་བྷོ་ལ་གཉིས་ལ་ཨི་སི་རེལ་དང་འཐབ་འཛིང་བྱེད་དུ་བཅུག་ཡོད་ཅིང་། མི་ཚོས་ས་གནས་ཀྱི་དམག་འཁྲུག་སྐོར་སྐད་ཆ་བཤད་ཀྱི་ཡོད་པ་དང་། ཨི་སི་རེལ་ལ་མཚོན་ན་ས་གནས་ཀྱི་དམག་འཁྲུག་དེ་ད་ལྟ་འགོ་བཙུགས་ཟིན་ལ། དྲག་དཔུང་ཚོས་གྷ་ཛ་དང་ལེ་བྷོ་ནོན། ཡེ་མན་དང་ཨི་རན་བཅས་ནས་ཨི་སི་རེལ་ལ་གཏོར་རྒོལ་བྱས་ཡོད་པས། ཨི་རན་ལ་མཚོན་ན་དམག་འཁྲུག་ཇེ་སྡུག་ཏུ་གཏོང་རྒྱུ་གང་ཡང་ལྷག་མེད་ཅེས་བརྗོད་འདུག

དེ་བཞིན་ད་ལྟའི་ཆར་ཨི་སི་རེལ་ལ་དབུས་ཤར་ཁུལ་དུ་རྒྱལ་ཁ་འཐོབ་རྒྱུའི་རྣམ་པ་ཞིག་ཡོད་ན་ཡང་། མ་འོངས་པའི་ལམ་ཁ་ནི་ཡིད་དུ་འོང་བ་ཞིག་མ་ཡིན་པར་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་དང་། ལྷག་པར་དུ་ཨ་རི་ལྟ་བུའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཀྱང་ཨི་སི་རེལ་གྱིས་གྷ་ཛ་དང་ལེ་བྷེ་ནོན་ལ་དབང་བསྒྱུར་བྱས་པར་རྒྱབ་སྐྱོར་བྱེད་མི་སྲིད་པ་དང། ལོ་ངོ་འདི་དག་གི་རིང་ཨི་སི་རེལ་ལ་རྒྱབ་སྐྱོར་དང་དགག་བྱ་བྱས་པའི་རྣམ་པར་འགྱུར་བ་ཕྱིན་ཡོད་པ་དང་། རྒྱལ་ཁབ་ཚོས་འཇིགས་སྐུལ་རིང་ལུགས་པར་རྒྱུན་དུ་སྐྱོན་བརྗོད་བྱས་ཀྱང་།  ཁོང་ཚོས་ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་ས་ཁུལ་དབང་སྒྱུར་བྱས་པ་དང་(West bank) ་ཞེས་པའི་ཁུལ་དུ་འཇིའུ་ཡི་གཞིས་ཆགས་རྒྱ་སྐྱེད་གཏོང་བར་མོས་མཐུན་བྱེད་ཀྱི་མེད་པ་མ་ཟད། ཨི་སི་རེལ་གྱིས་གྷ་ཛའམ་ལེ་བྷེ་ནོན་གྱི་ས་ཆ་གསར་པ་ཕྲན་བུ་ཙམ་དབང་སྒྱུར་བྱས་ཚེ། རྒྱལ་ཁབ་གཞན་ཙམ་མ་ཟད་ཨི་སི་རེལ་དང་འབྲེལ་ལམ་ཟབ་པའི་རྒྱལ་ཁབ་ཚོས་ཀྱང་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ཏུ་སྐྱོན་བརྗོད་བྱེད་སྲིད་པ་རེད་ཅེས་བརྗོད་འདུག

་གྷ་ཛའི་དམག་འཁྲུག་འདི་མཇུག་བསྒྲིལ་རྗེས། འབྱུང་འགྱུར་ལ་འཆར་གཞི་ངོ་མ་ཞིག་མེད་པ་ནི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་འདུག ཨི་སི་རེལ་གྱིས་དམག་འཁྲུག་མཇུག་བསྒྲིལ་རྗེས་ཧ་མ་སི་ལ་གྷ་རྫ་དབང་བསྒྱུར་བྱེད་འཇུག་འདོད་མེད་པ་མ་ཟད་རྒྱལ་སྤྱིའི་ཐོག་ངོས་འཛིན་ཡོད་པའི་(PA) ་ཞེས་པ་ལི་སི་ཐན་གྱི་དབང་འཛིན་ཚོགས་པ་དང་མཉམ་ལས་ཀྱང་བྱེད་ཀྱི་མེད་པ་སོགས་ལ་བརྟེན། དམག་འཁྲུག་མཇུག་བསྒྲིལ་རྗེས་གྷ་ཛ་ཡི་སྲིད་དབང་འཛིན་མཁན་སུ་ཡིན་ནམ་ཞེས་པའི་དྲི་བ་ལ་ད་ལྟ་ལན་འདེབས་བྱེད་ཐུབ་ཀྱི་མེད་པ་རེད་འདུག

ཨི་སི་རེལ་གྱི་གནད་དོན་ཐོག་ལ་དབྱེ་ཞིབ་པ་ཨེཕ་ར་ཡིམ་(Shaiel Ben Ephraim)  ་གྱིས་ཨི་སི་རེལ་གྱིས་ཧ་མ་སིས་བཙན་བཟུང་བྱས་པའི་གཏའ་མིའི་ནང་མི་ཚོར། བདུན་ཕྲག་ཁ་ཤས་ནང་ཚུད་ཁོང་ཚོས་གནས་སྟངས་བཟང་བ་ཞིག་གི་ཐོག་ནས་གྲོས་མོལ་གྱི་གྲལ་དུ་ཕྱིར་ལོག་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་དང་།  འདི་ནི་ཨི་སི་རལ་གྱིས་རང་ཉིད་ཀྱི་ཆ་རྐྱེན་ཐོག་དམག་འཁྲུག་མཇུག་སྒྲིལ་བྱེད་པའི་གོ་སྐབས་ཤིག་ཡིན་ཞིང་། གལ་སྲིད་དེ་ལྟར་མ་བྱུང་ན། ཨི་སི་རེལ་གྱིས་དཔལ་འབྱོར་དང་དམག་དོན་གྱི་གནོན་ཤུགས་འདི་འདྲ་ཞིག་གི་འོག་ལོ་གཅིག་གི་རིང་མུ་མཐུད་གནས་ཐུབ་པ་མ་རེད་བསམ་གྱི་འདུག་ཅེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དེ་ལྟར་ཡོང་དུ་འཇུག་གི་མ་རེད་བསམ་གྱི་འདུག་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།