དོན་ཟུར་སྐལ་རྡོར་གྱིས་བོད་མི་ཚོར་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་བའི་རེ་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞི་འོས་བསྡུར་ཕམ་ཁ་བྱུང་མཁན་སྲིད་སྐྱོང་འོས་མི་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས། སྲིད་སྐྱོང་འོས་ཐོབ་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་དང་། ལས་དོན་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། དཀའ་ཐུབ་ལྷུར་ལེན་གནང་ཐུབ་པའི་སྨོན་འདུན་ཞུས་པ་མ་ཟད། བོད་རིགས་སྤུན་ཟླ་ཡོངས་ནས་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་རོགས་ཞེས་རེ་སྐུལ་ཞུས་ནས། ཁོང་ནས་སྲིད་སྐྱོང་གསར་པར་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཁག་ཅིག་ལ་དགོས་ངེས་ཅན་གྱི་བསྒྱུར་བཅོས་གཏོང་གནང་ཡོང་བའི་འབོད་སྐུལ་དང་། རང་དབང་ལྡན་པའི་གསར་ཁང་ཡང་དག་ཅིག་མེད་པའང་བཙན་བྱོལ་བོད་མིའི་མང་གཙོའི་སྐྱོན་ཆ་ཆེན་པོ་ཞིག་ཡིན་པ་སོགས་གསུངས་འདུག

ཟླ་༤ པའི་ཚེས་༡༤ ཉིན་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས། སྲིད་སྐྱོང་གི་འོས་བསྡུའི་མཇུག་བསྡོམས་གསལ་བསྒྲགས་ཞིག་སྤེལ་འདུག་པ་དང་། དེའི་ནང་།

བརྩེ་བའི་བོད་རིགས་སྤུན་ཟླ་རྣམ་པ།

ཆེས་ཐོག་ངས་རྒྱ་གར་དང་བལ་ཡུལ་ནང་དུ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུ་པས་གནོད་འཚེ་དང་ཉེན་ཁ་ཐེབས་བཞིན་པའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ནད་ཡམས་མྱུར་དུ་སངས་དྲག་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་ལ་ད་ལྟའི་ཛ་དྲག་གི་དུས་སུ་མི་གཞན་གྱི་སྲོག་སྐྱོབ་ཕྱིར་དུ་རང་སྲོག་བློས་གཏོང་ངང་མདུན་མཆོང་གནང་མཁན་གྱི་ལྷག་བསམ་ཅན་ཀུན་ལ་བཀའ་དྲིན་བླ་མེད་ཆེ་ཞུ། ང་ཚོས་མཉམ་རུབ་ཀྱིས་གོད་ཆགས་འདི་ལ་གདོང་ལེན་བྱེད་དགོས།

རང་ཉིད་ཕྱི་ལོ་༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་རང་གི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། མ་ཟད་རང་ངོས་ནས་འོས་བསྡུའི་ལས་རིམ་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་འཆར་གཞི་གསལ་འདོན་དང་དགོས་དམིགས་འགྲེལ་བརྗོད། སྲིད་སྐྱོང་གི་ལོ་དང་པོའི་ལས་གཞི་གསལ་བཤད་སོགས་ཀྱི་ཕྱོགས་ནས་དུས་ཚོད་ཐུང་ཐུང་དེའི་ནང་རྒྱ་ཆེའི་མི་མང་ལ་གོ་རྟོགས་མི་དམན་པ་སྤེལ་ཐུབ་པ་བྱུང་ཞིང་དྲིལ་བསྒྲགས་ཀྱི་མགོ་མཇུག་བར་གསུམ་པོ་བཟང་སྤྱོད་དང་ཆེ་མཐོང་གི་ལམ་ནས་སྤེལ་ཐུབ་པ་བྱུང་བར་དགའ་སྤོབས་ཚད་མེད་སྐྱེས་ཡོད།

ཐེངས་འདིའི་སྲིད་སྐྱོང་གི་འོས་བསྡུའི་ཁྲོད་རང་ཉིད་ལ་འོས་ཤོག་བརྒྱ་ཆ་ ༤༦% ལ་ཉེ་བ་ཐོབ་ཡོད་ཅིང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་དང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས།  ལ་དྭགས་བསོད་ནམས་གླིང་གཞིས་ཆགས། སུད་སི་དང་ཁེ་ན་ཌ་སོགས་ནས་རྒྱལ་ཁ་ཐོབ་ཐུབ་པ་བྱུང་ཡོད། དེ་བཞིན་གཞིས་ཆགས་ཆུང་ཁག་མེའོ་ཆོས་འཕེལ་གླིང་དང་བལ་ཡུལ་ཇ་བ་ལ་ཁལ་བསམ་འགྲུབ་གླིང་། ཐེ་ཝན། ནོར་ཝེ། ནེ་དྷེར་ལན། སལཊི་ལེག་སི་ཊི། པོཊ་ལན་སོགས་ནས་ཀྱང་རྒྱལ་ཁ་ཐོབ་ཐུབ་པ་བྱུང་། མ་ཟད་རང་ཉིད་ལ་མི་མང་བྱིངས་དང་ལྷག་པར་དུ་ན་གཞོན་ཚོ་དང་བོད་མི་འཐབ་རྩོད་པ་ཚོ། དམིགས་རྒྱང་ཅན་གྱི་དཔྱོད་ལྡན་པ་གང་མང་ཞིག་གི་ངོས་ནས་རྒྱབ་སྐྱོར་ཚད་མཐོ་གནང་བྱུང་བས་རང་ལ་ཡིད་ཆེས་དང་རེ་བ་གནང་མཁན་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།  དེ་བཞིན་ད་ལོའི་ཛ་དྲག་གི་གནས་སྟངས་འདིའི་འོག་ནས་ས་ཕྱོགས་གང་སར་འཐོར་བའི་བོད་མི་རྣམས་མཉམ་ཞུགས་ཡོང་ཐབས་གནང་སྟེ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་གཉིས་ཀ་བསྟུན་མར་སྤེལ་ཐུབ་པར་འགན་གཙོ་བོ་བཞེས་མཁན་བཀུར་འོས་དབུས་འོས་བསྡུ་ལས་ཁང་དང་ས་གནས་འོས་བསྡུ་ལས་ཁང་ཁག་སོགས་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་བླ་མེད་ཆེ་ཞུ།

རང་ངོས་ནས་འདེམས་ཐོན་སྲིད་སྐྱོང་གསར་པ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདི་རུ་ཁོང་ཉིད་ཀྱི་ལས་དོན་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། དཀའ་ཐུབ་ལྷུར་ལེན་གནང་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།

ད་ལོའི་འོས་བསྡུའི་ཆེན་མོ་འདི་བརྒྱུད་དེ་ཕྱོགས་གཅིག་ནས་རང་རེ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་ངེས་པའི་གནད་དོན་མི་ཉུང་བ་ཞིག་ལྷང་ལ་བུད་སོང་། རང་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་གཤམ་གསལ་དགོས་ངེས་ཅན་གྱི་བསྒྱུར་བཅོས་གཏོང་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།  འདི་ལོར་དངོས་གཞིའི་དྲིལ་བསྒྲགས་ཆེད་དབུས་འོས་བསྡུ་ལས་ཁང་ནས་ཉིན་གྲངས་བཅོ་བརྒྱད་མ་གཏོགས་གནང་མེད། སླད་མར་དེ་རིགས་མི་འབྱུང་བའི་ཆེད་དངོས་གཞིའི་འོས་བསྡུ་མ་བྱས་པའི་གོང་དུ་འོས་མི་རྣམས་ལ་འོས་བསྡུའི་དྲིལ་བསྒྲགས་ཀྱི་ཆེད་དུ་ཉུང་མཐར་ཡང་ཉིན་གྲངས་ ༣༠ ནས་ ༤༥ བར་གྱི་དུས་ཚོད་གནང་དགོས་འདུག་ཅིང་སྲིད་སྐྱོང་འོས་མི་གཉིས་ཀྱི་བར་ཉུང་མཐར་བགྲོ་གླེང་ཐེངས་གཉིས་ཙམ་གནང་དགོས་པའི་སྒྲིག་གཞི་བཟོ་དགོས་འདུག  འོས་བསྡུའི་དྲིལ་བསྒྲགས་མི་དགོས་པའི་དགོངས་ཚུལ་གསུང་མཁན་རྣམས་ལ་རང་ངོས་ནས་ངོས་ལེན་ཞུ་ཐབས་བྲལ།  ད་ལྟའི་ཆར་རང་རེའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་དབུ་ཁྲིད་གོང་རིམ་ནས་ཐད་བསྐོ་བྱེད་པའི་ལམ་ལུགས་མཇུག་རྫོགས་ཟིན་པ་ཡིན་པས་རྒྱ་ཆེའི་མི་མང་ཚོར་འོས་མི་སུ་ཞིག་འདེམས་དགོས་མིན་གྱི་ཐག་གཅོད་གསལ་པོ་ཡོང་ཆེད་འོས་མི་སོ་སོའི་འཆར་གཞི་དང་དམིགས་ཡུལ་སྐོར་གསལ་ཞིང་འཐུས་པ་འགྲེལ་བརྗོད་བྱ་རྒྱུའི་དུས་ཚོད་འདང་ངེས་ཤིག་དགོས་པ་ནི་ཧ་ཅང་གལ་གནད་དུ་མཐོང་ལ་འོས་མི་གསར་དུ་བཞེངས་མཁན་ཚོ་ལ་ལྷག་ཏུ་གལ་ཆེན་ཡིན།

ད་ལྟའི་ཆར་བཙན་བྱོལ་ནང་དུ་དཔྱ་ཁྲལ་ལག་དེབ་ཡོད་པའི་རང་ལོ་བཅོ་བརྒྱད་ཡན་གྱི་བོད་མི་ ༡༡༥༠༠༠ ཙམ་ཡོད་འདུག་ཅིང་དེའི་ནང་ནས་ད་ལོའི་འོས་བསྡུའི་ཁྲོད་བརྒྱ་ཆ་ ༧༢ % སྟེ་བོད་མི་༨༣༠༠༠ ཙམ་གྱིས་མ་གཏོགས་དེབ་སྐྱེལ་གནང་མི་འདུག  ལྷག་མའི་བརྒྱ་ཆ་ ༢༨% དེ་གྲངས་ཚད་ཀྱི་ཆ་ནས་ཧ་ཅང་མཐོན་པོ་ཡིན་པས་གནད་དོན་དེའི་འགག་རྩ་གང་ཡིན་ཐད་ཞིབ་འཇུག་གནང་སྟེ་འོས་བསྡུའི་དེབ་སྐྱེལ་ཀྱི་ཁྱབ་ཚད་རྒྱ་བསྐྱེད་གཏོང་ཐབས་གནང་གལ་ཆེ།

ད་ལོའི་དངོས་གཞིའི་འོས་བསྡུ་སླེབས་མཚམས་སུ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བ་དང་དེ་ལས་འཕྲོས་ནས་སྤྱི་ཚོགས་ཁྲོད་དུ་ལབ་གླེང་སྣ་ཚོགས་པ་ཞིག་བྱུང་བའི་ཆབ་སྲིད་ཀྱི་འགྱུར་འགྲོས་དེས་འོས་བསྡུ་ལའང་ཏན་ཏན་ཤུགས་རྐྱེན་ཆེན་པོ་སྤྲད་སོང་སྙམ། དེར་བརྟེན་སླད་མར་དེ་རིགས་མི་འབྱུང་བའི་ཆེད་གྲོས་ཚོགས་ཀྱི་ཚོགས་འདུ་དང་འོས་བསྡུ་གཉིས་མཉམ་གཅིག་ཏུ་མི་འཁེལ་བ་གནང་རྒྱུའང་གལ་འགངས་ཆེ་བར་སྣང་།  ཁྲིམས་ཞིབ་པ་གསུམ་གྲོས་ཚོགས་ཀྱིས་འཕོ་འགྱུར་གཏང་བའི་གནད་དོན་དེའི་ཐོག་ནས་རང་རེའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྟེང་ན་ཁ་གསལ་མ་བྱུང་བའི་དཀའ་ངལ་ཞིག་འབྱུང་བཞིན་ཡོད་པར་བརྟེན་ད་རེས་ཀྱི་རྐྱེན་ངན་དེ་གྲོགས་སུ་བསྒྱུར་ཐབས་ཀྱིས་བཅའ་ཁྲིམས་ལ་བསྐྱར་ཞིབ་དང་དགོས་ངེས་ལྟར་ལེགས་བཅོས་གནང་དགོས་པའི་དུས་ལ་བབས་ཡོད་སྙམ།

རང་དབང་ལྡན་པའི་གསར་ཁང་ཡང་དག་ཅིག་མེད་པའང་ང་ཚོའི་མང་གཙོའི་སྐྱོན་ཆ་ཆེན་པོ་ཞིག་རེད་འདུག  གསར་འགྱུར་བརྒྱུད་ལམ་ཁག་ལ་འོས་འཕེན་པར་འོས་གཞིའི་སྐོར་གྱི་གོ་རྟགས་སྤེལ་རྒྱུ་དང་རྫུན་གཏམ་དང་འཁྱོག་བཤད་མེད་པར་གཏོང་ཆེད་གནས་ཚུལ་བདེན་པ་དང་ཡང་དག་པ་ཁྱབ་སྤེལ་བྱ་རྒྱུའི་འགན་འཁྲི་ཆེན་པོ་ཡོད། དེ་བཞིན་རང་རེའི་འོས་བསྡུ་ལས་ཁང་གི་ཁྱབ་ཚད་ཀྱང་འཐུས་ཇེ་ཚང་དུ་གཏོང་དགོས་པའི་དུས་ལ་བབས་འདུག

འོས་བསྡུའི་དུས་ཡུན་རིང་ང་རང་རྒྱ་གར་དང་ཡུ་རོབ། ཨ་རིའི་ནང་གི་བོད་མིའི་འདུས་སྡོད་ས་གནས་ཁག་མང་དག་ཅིག་ལ་སོང་བའི་སྐབས་སུ་ང་ཚོའི་སྤྱི་ཚོགས་འདི་གང་འཚམ་གྱི་སྲ་བརྟན་རེད་འདུག་ཅིང་མི་མང་རྣམས་༧གོང་ས་མཆོག་ལ་དད་འདུན་གཡོ་བ་མེད་པའི་ངང་ནས་གནས་འདུག་པའི་ཚོར་སྣང་བྱུང་སོང་།  བོད་མིའི་ནང་ཁུལ་གྱི་ཆིག་སྒྲིལ་ལ་དོ་འཕོག་ཐེབས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ང་ཚོའི་ཐུན་མོང་གི་དམིགས་ཡུལ་ཏེ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ངར་ཤུགས་རིམ་བཞིན་ཞི་འཇགས་སུ་འགྲོ་བཞིན་འདུག་པ་དེ་རེད་སྙམ། དེར་བརྟེན་རང་ཉིད་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྙིང་པོ་ཡང་གཅིག་གྱུར་ཡིན། ལྟ་བ་དང་ལངས་ཕྱོགས་མ་མཐུན་རུང་ང་ཚོ་བོད་རིགས་སྤུན་ཟླ་གཅིག་པ་ཡིན་པ་དང་ང་ཚོའི་ཁ་གཏད་གཅོག་ས་རྒྱ་ནག་དམར་པོའི་སྲིད་གཞུང་ཡིན་པ་དེ་དུས་རྟག་ཏུ་སེམས་ལ་ཉར་ནས་ནུས་ཤུགས་ཡོད་ཚད་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ལ་གཏོང་རྒྱུའི་དུས་ལ་བབས་འདུག

ད་ནི་འོས་བསྡུ་གྲུབ་ཟིན་པ་རེད། རང་ངོས་ནས་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་ལ་སྲིད་སྐྱོང་གསར་པར་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ཡིན། ང་ཚོའི་མང་གཙོ་འདི་ལ་སྐྱོན་ཆ་མེད་པ་རྩ་ནས་མིན་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྒེར་གཅོད་འོག་ལ་གནས་པའི་གཞིས་ལུས་སྤུན་ཟླ་ཚོས་མང་གཙོའི་ཁེ་དབང་ཏིལ་འབྲུ་ཙམ་ཡང་སྤྱོད་རྒྱུའི་གོ་སྐབས་རག་གི་མེད་པས་ཤིན་ཏུ་རྩ་ཆེ་བའི་རང་ཅག་གི་མང་གཙོའི་སྒྲིག་འཛུགས་འདི་ཉིད་ལ་བདག་གཅེས་ལེགས་པོ་བྱ་དགོས།

གལ་ཆེ་ཤོས་ནི་ང་ཚོས་དགོས་མེད་ཀྱི་ནང་ཁུལ་རྩོད་རྙོག་ཁོ་ན་ལ་དུས་ཚོད་བཏང་ནས་མི་སྡོད་པར་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་ཡོང་ཐབས་ལ་མཉམ་རུབ་ཀྱིས་ནུས་པ་འདོད་དགོས་ཤིང་མི་རབས་གསར་པ་ཚོ་ལ་གོ་སྐབས་གང་མང་སྤྲོད་ཐབས་བྱེད་དགོས། རང་ངོས་ནས་དུས་ནམ་ཡང་བོད་ཀྱི་རྩ་དོན་ཐོག་རང་ནུས་གང་ཡོད་ཀྱིས་ཞབས་ཞུ་བསྒྲུབ་རྒྱུའི་ཆོད་སེམས་འགྱུར་བ་མེད་པ་ཡོད། མཐའ་དོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་༧གོང་ས་མཆོག་ཕ་ཡུལ་གངས་རིའི་ལྗོངས་སུ་གང་མགྱོགས་གདན་འདྲེན་ཞུ་ཐུབ་པའི་རེ་སྨོན་ཤུགས་དྲག་དང་བཅས་ཞེས་གསལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།