དོལ་པོ་ནི་དོལ་རྒྱལ་གྱི་སྐྱེས་ཡུལ་མིན།
པདྨ་དགོས་འབྱོར། བལ་ཡུལ།
ཁ་སང་དེ་རིང་རྒྱལ་པོ་ཤུགས་ལྡན་བསྟེན་གསོལ་དང་འབྲེལ་བའི་རྙོག་ཟིང་ཞིག་སྤྱི་ཚོགས་མང་པོའི་ནང་ཁྱབ་ཡོད། འདས་པའི་ལོ་རྒྱུས་ནང་གི་བྱུང་བ་ནི་ང་ལྟ་བུ་ཞིག་གིས་བཤད་མི་དགོས་པ་ལྟ་བུ་ཞིག་རེད། འོན་ཀྱང་དེང་སྐབས་༼དོལ་པོ་༽ནི་དོལ་རྒྱལ་ལམ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེས་ཡུལ་ཡིན་པས་ས་ཁུལ་དེ་ན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་མང་ཟེར་བ་སོགས་དངོས་ཡོད་གནས་ཚུལ་མི་ཤེས་བཞིན་དུ་སྤྱི་ཚོགས་ནང་གླེང་སློང་བྱེད་མཁན་དེ་འདྲ་བྱུང་དང་འབྱུང་བཞིན་པ་མིག་མཐོང་ལག་ཟིན་གྱི་གནས་ཚུལ་དུ་གྱུར་འདུག བལ་ཡུལ་ནང་ལྟ་བུར་མཚོན་ན་དེ་ལྟའི་གནས་ཚུལ་གང་མང་ཐོན་ཡོད། མདོར་ན་ང་ཚོས་གང་ཞིག་གླེང་བ་དེ་དག་སོ་སོས་འགན་ཁུར་དགོས་རྒྱུ་ནི་སྨྱུག་ཐོགས་པ་ཞིག་ལ་མཚོན་ན་གཞི་རྩའི་དགོས་མཁོ་ཡིན་པར་མཐོང་བས་ཅི་ཞིག་བཤད་འདོད་པ་དེའི་སྐོར་ལ་དཔྱད་པ་བྱེད་དགོས་རྒྱུ་དེ་ཡང་ཆེས་གལ་གནད་ཅན་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་རྟོགས་ཐུབ་དགོས། དེས་ན་ངས་འདིར་《དོལ་པོ་ནི་དོལ་རྒྱལ་གྱི་སྐྱེས་ཡུལ་མིན་》པའི་སྐོར་ལ་ཉུང་ཙམ་ཞིག་ཁ་ཚ་དགོས་གཏུག་གིས་གླེང་བར་འདོད། སྤྱིར་དོལ་རྒྱལ་གྱི་མིང་ཐོགས་ཚུལ་ནི་བོད་ལྷོ་ཁའི་ས་ཁུལ་དོལ་ཟེར་བ་ཞིག་གི་ནང་དོལ་ཆུ་མིག་དཀར་པོར་གྲགས་པ་དེར་བརྟེན་མཁར་བཞེངས་ཏེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཤི་རྗེས་གསོལ་མཆོད་བྱས་ནས་དོལ་རྒྱལ་ཟེར་བའི་མིང་དེ་ཐོགས་པར་གྲགས།
དོལ་རྒྱལ་གྱི་<དོལ་>དང་<དོལ་པོ་>ཟེར་བའི་དོལ་གཉིས་པོ་དེ་ཡི་གེའི་དག་ཆའི་ངོས་ནས་གཅིག་པ་ཡིན་རུང་མཇུག་ཏུ་པོ་ཡོད་མེད་ལ་ཁྱད་པར་ཡོད། བོད་ལྷོ་ཁའི་ས་ཁུལ་དེའི་མིང་ལ་<དོལ་>ཟེར་བ་ལས་<དོལ་པོ་>ཞེས་བྲིས་པ་ཚད་ལྡན་ཡིག་ཆ་གང་ཡང་མ་མཐོང་། ཚིག་མཛོད་ཁག་གི་ནང་དུའང་ས་ཁུལ་དེར་དོལ་ཟེར་བའི་ཡུལ་སྡེ་ཞིག་ཡོད་སྐད་ལས་དོལ་པོ་ཞེས་པའི་ཡུལ་སྡེ་གཅིག་ཡོད་རབས་གཏན་ནས་མཐོང་རྒྱུ་མེད་པས་དཔྱོད་ལྡན་དང་མཐོང་ཐོས་ཆེ་བའི་ཤེས་ལྡན་རྣམས་པར་ཞུ་དགོས་པ་གང་ལ་ཡོད། དེ་ཙམ་མཐོང་ཐོས་མེད་ལ་སྤྱི་ཚོགས་ནང་ཉོག་བཤད་བྱེད་པར་ཁ་དང་ལག་པ་མགྱོགས་པའི་གང་ཟག་རྣམས་ཀྱིས་འདི་ནས་དོན་དངོས་སམ་གནས་ཚུལ་ངོ་མ་གང་ཡིན་གསལ་རྟོགས་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་མཆིས།
དོལ་པོ་ནི་བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཞིག་གི་མིང་ཡིན། ས་ཁུལ་དེ་ནི་བལ་ཡུལ་གྱི་ནུབ་བྱང་ཕྱོགས་དང་སྟོད་མངའ་རིས་ནག་ཆུའི་ཉེ་འཁྲིས་སུ་ཡོད། འཛམ་བུ་གླིང་གི་ནང་ས་ཆ་ཆེས་མཐོ་ཤོས་གྲས་ཤིག་ཀྱང་ཡིན། དོལ་པོ་ལ་ཡུལ་སྡེ་གྲངས་སོ་གཉིས་དང་མི་འབོར་བདུན་ཁྲི་མ་ཟིན་ཙམ་ཞིག་ཡོད། དེང་སྐབས་རྒྱ་གར་དང་བལ་ཡུལ་ནང་ཤུགས་ལྡན་གྱི་དགོན་སྡེ་ཁག་ཀྱང་མི་ཉུང་ཙམ་ཡོད་པ་དེ་དག་གི་ནང་དུ་དོལ་པོ་པ་གྲྭ་བཙུན་སུ་ཡང་མེད། འདས་པའི་ལོ་རྒྱུས་ནང་སྨན་པ་འཁྱོལ་མ་རུ་རྩེ་དང་། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་༼འབྲི་སྲོལ་གཞན་ལ་དོལ་བུ་བ་ཤེས་རབ་རྒྱལ་མཚན་ཡིན།༽ཞེས་མཚན་སྙན་ཡོངས་སུ་གྲགས་པའི་སྐྱེས་བུ་དེ་དག་གི་འཁྲུངས་ཡུལ་ཡང་དོལ་པོ་ཡིན། ད་དུང་སྤོབས་པ་བྱེད་འོས་པ་ལ་ས་ཁུལ་དེར་མི་དམངས་བྱིངས་ནས་ཆོས་ལུགས་ཀྱི་འཐེན་འཁྱེར་སོགས་དམིགས་བསལ་གང་ཡང་མ་བྱས་པར་མི་རིགས་གཅིག་པའི་མཛའ་བརྩེའི་ངོས་ནས་བལྟས་ཏེ་ཚོགས་ཁང་གཅིག་གི་གཡས་ཕྱོགས་སུ་བོན་དང་གཡོན་ཕྱོགས་སུ་ཆོས་པའི་ལྷ་སྐུ་རྟེན་གསུམ་བཞེངས་ནས་ཆོ་ག་མཉམ་འདོན་དང་ཞབས་རིམ་མཉམ་སྒྲུབ་བྱས་པའི་ལོ་རྒྱུས་ཀྱང་དུས་ད་ལྟ་བར་གྲགས་ཡོད་ལ་ས་ཁུལ་རེ་འགར་དེ་ལྟའི་ལམ་སྲོལ་བཟང་པོའི་རྒྱུན་ད་ལྟའང་སྐྱོང་བཞིན་པ་རེད། མདོར་ན་དོལ་པོའི་ལུང་པར་དོལ་རྒྱལ་གྱི་རྙོག་ཟིང་མེད་ལ་ད་ལྟ་བར་དུ་མི་དམངས་སྤྱི་བྱིངས་ནས་འབྲེལ་བ་ཡང་བྱས་མེད་པ་རེད།
སྔོན་ཆད་ཕྱོགས་གཞན་ནས་ཕེབས་པའི་བླ་མ་འགའ་རེས་དོལ་པོའི་ས་ཁུལ་དུ་ཞབས་རིམ་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས་ཡོད་ཀྱང་ཕྱིས་སུ་མི་དམངས་ཚོས་ཁོང་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡིན་པ་ཤེས་པས་གནས་དབྱུང་བཏང་པའི་གནས་ཚུལ་ཡོད། དེ་ལྟའི་སྤྱི་ཚོགས་ཤིག་ལ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡོད་རབས་དང་དོལ་རྒྱལ་གྱི་སྐྱེས་ཡུལ་རེད་ཟེར་བ་སོགས་ནི་འདས་པའི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་ཚུལ་མ་ཤེས་པའི་རང་རྟགས་ཤིག་ཏུ་ངོས་འཛིན་བྱས་ཀྱང་དོན་དང་མི་མཐུན་རྒྱུ་གང་ཡང་མི་འདུག ངས་འདི་ནས་གང་བཤད་པ་དེ་ཆབ་སྲིད་ཀྱི་བསམ་བློས་རེ་དོགས་མཐའ་ལྷུང་གི་སྐད་ཆ་མིན་པར་རྒྱ་ཆེའི་མང་ཚོགས་ཁྲོད་གོ་ནོར་ཐེབས་མཁན་དང་མི་ཤེས་བཞིན་དུ་ངག་འཁྱལ་བྱེད་མཁན་ཚོས་དངོས་ཡོད་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་པའི་ཆེད་དུ་གསལ་བཤད་ཡིན། སྐད་ཆ་འདི་འདྲ་ཞིག་གླེང་དགོས་པའི་རྒྱུ་མཚན་ནི་ཉེ་ལམ་དྲ་ཐོག་ཏུ་དོལ་པོ་ནི་དོལ་རྒྱལ་གྱི་སྐྱེས་ཡུལ་ཡིན་སྐོར་དང་། དོལ་པོའི་ས་ཁུལ་ན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་མང་རབས། དོལ་པོ་ཟེར་བའི་ཚིག་འབྲུ་གཉིས་པོ་མཐོང་བ་དང་དོལ་རྒྱལ་དང་འབྲེལ་ཡོད་ཅན་ཡིན་པའི་དོགས་གཞི་བྱེད་མཁན་ཡོད་རབས་སོགས་རབ་དང་རིམ་པ་གླེང་སློང་བྱུང་སོང་པས་གསལ་བཤད་འདི་འདྲ་མ་བྱས་ཐབས་མེད་ལྟ་བུར་མཐོང་པས་སོ།།
ལྷག་པར་དུ་དེང་སྐབས་སྟབས་བདེ་བའི་འབྲེལ་ལམ་དྲ་རྒྱའི་ནང་དུ་མི་རིགས་སྣ་མང་ཕན་ཚུན་འབྲེལ་ལམ་བཟོ་ཐུབ་པའི་དུས་སུ་དེ་ལྟའི་གནས་ཚུལ་མི་ཤེས་བཞིན་གཞན་ལ་ཁྱབ་སྤེལ་གཏོང་བ་སོགས་བྱེད་པ་ནི་འགན་ཁུར་མེད་པའི་ལས་ཤིག་ལོས་ཀྱང་ཡིན་སྙམ།
༼གསལ་བཤད། རྒྱལ་པོ་ཤུགས་ལྡན་གྱི་ངོ་བོ་དང་བྱ་བྱེད་ལས་གསུམ་ཐད་ལ་གླེང་བར་མི་སྤོབས་ལ་གླེང་འདོད་ཀྱང་མེད་རུང་དེང་སྐབས་རྒྱལ་པོ་ཤུགས་ལྡན་བསྟེན་གསོལ་བྱེད་སའི་ཁོར་ཡུག་དེར་བརྡབ་གསིག་བཟོ་བ་དང་། རྙོག་ཟིང་ཡོད་པའི་རྒྱུ་མཚན་ལ་བརྟེན་འདི་ནས་གསལ་བཤད་ཐུང་ངུ་འདི་སྤེལ་བ་ཡིན།
པདྨ་དགོས་འབྱོར། སྡོད་གནས། བལ་ཡུལ།