དྲ་བརྙན་ཐད་སྲིང་ནང་གི་གྲགས་ཅན་རྒྱ་མོ་ཞིག་ལ་རྒྱ་ནག་གིས་ཉེས་ཆད་བཅད།

ཟླ་འདིའི་ཚེས་༡ ཉིན་South china morning post ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་དྲ་ཐོག་ཐད་སྲིང་བྱེད་མཁན་གྲགས་ཅན་ཞིག་ལ་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

མིང་ལ་ཧྤན་སི་ཧྤིང་(Fan Sifeng) ཟེར་བའི་རྒྱ་མི་དེ་ནི་དྲ་ཐོག་ནས་ཐད་སྲིང་བྱེད་མཁན་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གཞུང་ལ་དཔྱ་ཁྲལ་དུས་ཐོག་ཕུལ་མེད་པ་དང་ཡོང་འབབ་ཇི་ཡོད་རྒྱ་གཞུང་ལ་གསལ་བོ་སྙན་སེང་ཞུ་མེད་པ་མ་ཟད། ཕྱི་ལོ་༢༠༡༧ ནས་༢༠༢༡ བར་དུ་དཔྱ་ཁྲལ་ཁྱོན་བསྡོམ་རྒྱ་སྒོར་ས་ཡ་༢.༦ ལྷག་སྤྲད་མེད་པའི་མིང་འོག་ནས་རྒྱ་ནག་གཞུང་གིས་ཁོང་ལ་ཨ་སྒོར་ས་ཡ་གཅིག་ཙམ་སྤྲད་དགོས་པའི་བཀའ་བཏང་འདུག

ཁོང་ཝི་ཡ་(Viya) དང་ཀྲོག་(Zhu Chenhui) ཞེས་པའི་དྲ་ཐོག་ཐད་སྲིང་བ་གྲགས་ཆེན་གཉིས་ཀྱི་རྗེས་སུ་འབྲང་གི་ཡོད་པ་དང་། སྔ་ལོ་ཕྱི་ཟླ་༡༢ པའི་ནང་དུ་Viya ཞེས་པ་དེ་ལ་དཔྱ་ཁྲལ་དང་འབྲེལ་བའི་དཀའ་རྙོག་བྱུང་ནས་རྒྱ་ནག་གཞུང་གིས་ཁོང་ལ་ཨ་སྒོར་ས་ཡ་༢༡༠ ཡིས་ཆད་པ་བཅད་ཡོད་པ་དང་དེ་ནི་རྒྱ་ནག་ནང་གི་དཔྱ་ཁྲལ་གྱི་གནད་དོན་ཐོག་ལ་ཉེས་ཆད་ཆེ་ཤོས་སུ་འདོད་བཞིན་འདུག་ལ་དུས་དེ་ནས་བཟུང་ཁོང་ཉིད་དྲ་ཐོག་ནས་གོ་རྒྱུ་མེད་པ་ཆགས་ཡོད་འདུག

ལོ་འདིའི་ཕྱི་ཟླ་༦ པའི་ཚེས་༣ དང་རྒྱ་ནག་གནམ་སྡེ་སྒོ་མོའི་དོན་རྐྱེན་བྱུང་ནས་ལོ་ངོ་༣༣ འཁོར་བའི་སྔ་ནུབ་དེར། རྒྱ་ནག་གི་ནང་དུ་སྐད་གྲགས་ཡོད་པའི་དྲ་ཐོག་ཐད་སྲིང་གཏོང་མཁན་ལི་(Li Jiaqi) ཞེས་པ་ཞིག་གིས་ཀེཀ་(cake) ལས་བཟོས་པའི་དམག་གི་རླངས་འཁོར་(Tank) ཞིག་ཐད་སྲིང་ནང་སྟོན་བཞིན་པའི་སྐབས་སུ་ཐད་སྲིང་གློ་བུར་དུ་མཚམས་ཆད་ཡོད་འདུག

ཁོང་ལ་དྲ་ཐོག་ཏུ་རྗེས་འཇུག་པ་ས་ཡ་༦༤ ལྷག་ཡོད་པ་དང་རྒྱ་ནག་ནང་གི་དྲ་རྒྱའི་ཁྲོད་དུ་སྐད་གྲགས་ཆེ་ཤོས་གྲས་ཤིག་ཡིན་འདུག་ཀྱང་། དུས་དེ་ནས་བཟུང་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་གོ་རྒྱུ་མེད་པ་ཆགས་ཡོད་འདུག་ལ། མི་མང་པོས་ཁོང་ཉིད་ནི་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པར་ཐེ་ཚོམ་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་ནང་དུ་དྲ་རྒྱའི་ཐོག་ཐད་སྲིང་བྱས་ནས་ཚོང་རྒྱག་མཁན་ས་ཡ་མང་པོ་ཡོད་པ་དང་། དེ་དག་གི་དངུལ་ཡང་ཕོན་ཆེན་གསོག་གི་ཡོད་འདུག དཔེར་ན་viya དང་ཁོང་གི་ཚོང་རོགས་ཚོས་དྲ་རྒྱའི་ནང་ཐད་སྲིང་གི་དུས་ཡུན་ཆུ་ཚོད་བཅུ་བཞིའི་རིང་ཨ་སྒོར་ཐེར་འབུམ་༡,༣༣ ལྷག་གི་དངོས་ཟོག་བཙོང་ཡོད་པའི་གནས་ཚུལ་འདུག་ལ། དྲ་གྲགས་དེ་དག་དང་གཞུང་གི་དཔྱ་ཁྲལ་སྤྲོད་ཕྱོགས་ཀྱི་ཐོག་ལ་ཡང་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པར་བརྟེན། ད་བར་དྲ་ཐོག་ཏུ་ཐད་སྲིང་གཏོང་མཁན་གྲགས་ཅན་དུ་མ་ཞིག་ལ་རྒྱ་ནག་གཞུང་གིས་ཆད་པ་ཆེན་མོ་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།

Share this:

Leave a Reply