དྲ་འབུས་དབང་སྒྱུར་བའི་བོད་མི།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༢ གི་ཆེད་བརྗོད།)
ད་ལྟ་དྲ་རྒྱའི་དུས་རབས་འདིར་དྲ་འབུ་ཞེས་པ་མིང་དང་པར་དངོས་གནས་མ་ཡིན་པར་རྫུན་མ་བེད་སྤྱོད་བྱེད་མཁན་ལ་གོ་བ་ལྟ་བུ་ཡོད་ཀྱང། དོན་དུ་དྲ་འབུ་ཞེས་པ་མིང་དང་པར་ངོ་མ་ཡོད་མེད་ཙམ་གཙོ་བོ་མ་ཡིན་པར། སྤྱི་ཚོགས་ནང་སྐྱག་རྫུན་དང་གཞི་མེད་དཀྲོག་གཏམ་སྤེལ་བ་དག་ནད་འབུ་བཞིན་ཁྱབ་ནས་སྤྱི་ཚོགས་ཟིང་ཟིང་བཟོ་མཁན་དག་ལ་གོ་དགོས། བཙན་བྱོལ་བོད་མི་ནི་དྲ་འབུས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་ཡིན་ལ། དྲ་འབུ་དག་གིས་དཀྲོག་གཏམ་རེ་སྤེལ་ཡོང་དུས་གསེར་ཁྲིའི་ཐོག་གི་བླ་མ་དང། ཐོབ་གོ་གནས་ཡོད་པའི་དཔོན་པོ། མི་མང་དཀྱུས་མ་བཅས་མང་ཆེ་བ་དྲ་འབུ་དག་གིས་གར་འཁྲིད་ལྟ་བུར་གྱུར་ཡོད། དེ་ཡང་སྐད་ཆ་ལ་གནས་ལུགས་དང་བདེན་པ་ཡོད་མེད་མ་ཡིན་པར། ང་དང་ངའི་ཤོག་ཁག་དང་ལངས་ཕྱོགས་མཐུན་པ་ཞིག་བཤད་པ་ཙམ་གྱིས་དགའ་བསུ་དང་རྗེས་སུ་ཡི་རངས་བྱེད་པ་ནི། ཕྱོགས་གཅིག་ནས་སྤྱི་ཚོགས་རུལ་སུངས་སུ་གྱུར་ཟིན་པ་ཞིག་དང་ཕྱོགས་གཞན་ཞིག་ནས་མང་གཙོའི་གོ་རྟོགས་དང་མང་གཙོའི་ཤེས་ཡོན་མེད་པས་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དྲ་འབུ་མང་ཆེ་བ་ཕྱི་རྒྱལ་ཁག་ཏུ་ཡོད་ལ། རང་ཉིད་ཀྱི་ལས་ཀའི་གནོན་ཤུགས་དང་གཞན་ངོ་སྲུང་བའི་སྡུག་ཡུས། རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་ལ་རེ་ལྟོས་མི་དགོས་བསམ་མཁན་མང་པོ་ཞིག་གིས་ཕྱོགས་གཏོགས་གང་རུང་ཞིག་ཡིན་པ་ལྟ་བུའི་རྣམ་འགྱུར་སྟོན་བཞིན་ཡོད། དེ་དག་གིས་དྲ་ཐོག་ནས་སྤྱི་ཚོགས་ཟིང་ཟིང་བཟོ་བ་ཙམ་མ་ཡིན་པར། སྐབས་རེ་དངོས་སུ་སྤྱི་ཚོགས་ནང་ཐོན་ནས་སྤྱི་ཚོགས་དཀྲུག་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད། མི་འདི་དག་གི་རྒྱབ་ལ་ཕྱོགས་གང་རུང་གི་རྒྱབ་རྩར་ལང་རྒྱུའི་བསམ་བློ་ཁོ་ན་ཡོད་པ་ཙམ་ལས་དངོས་ཡོད་གནས་ཚུལ་གང་ཡང་མི་ཤེས་མཁན་མང་པོ་ཡོད་ལ། གནས་ཚུལ་དང་རྒྱུ་མཚན་གང་ཡང་ཤེས་མི་དགོས་པར་ཁེ་ཕན་ཆུང་ཙག་རེ་ཐོབ་པ་ཙམ་གྱིས་འགྲིག་སྡོད་མཁན་ཡང་ཡོད་པ་མིག་མཐོང་ལག་ཟིན་རེད། དང་བླངས་དཔྱ་ཁྲལ་གྱི་འབུལ་འབབ་སྤྲོད་རྒྱུར་འཚེར་སྣང་ཆེན་པོ་ཡོད་པ་དག་གིས་ཀྱང་འདི་དག་ལ་འགྲོ་སོང་གཏོང་བར་ཐེ་ཚོམ་གང་ཡང་མེད་མཁན་ཡོད་ཚོད་འདུག
འདི་དག་གི་རྒྱབ་ལ་ལས་མེད་དང་གནས་ཚུལ་མི་ཤེས་མཁན་མང་པོ་ཡོད་པ་ཙམ་མིན་པར། ཆེ་ས་ནས་སྲིད་སྐྱོང་དང་བཀའ་བློན། ཁྲིམས་ཞིབ་པ་དང་སྤྱི་འཐུས། ལས་ཁུངས་ཁག་གི་དྲུང་ཆེ་སོགས་ཡོད་ལ། བཀའ་ཟུར་དང་ཁྲིམས་ཟུར་སྤྱི་ཟུར་སོགས་ཀྱང་ཕལ་ཆེར་ཁ་ཕྱོགས་འདིའི་ནང་མ་ཚུད་པ་མེད་པ་ལྟ་བུ་རེད། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ་དགའ་ལྡན་ཕོ་བྲང་གི་ལས་སྣེ་ཕལ་ཆེ་བའང་ཕྱོགས་ཁག་འདིའི་ནང་ཡོད་པ་ལྟ་བུ་དང། སྐབས་རེ་མི་མངོན་པའི་ཚུལ་གྱིས་རྒྱབ་ཕྱོགས་ནས་ཐག་པ་འཐེན་མཁན་གཙོ་བོ་ཡིན་པའི་རྣམ་པའང་མི་ཉུང་བ་ཞིག་ཡོད་པ་ནི། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ལུས་དང་གྲིབ་གཟུགས་ལྟར་ཁ་འབྲལ་ཐབས་མེད་པར་གྱུར་ཟིན་པའི་ཚོར་སྣང་ཡོད་མཁན་མང་པོ་ཡོད། སྤྱི་ཚོགས་ནང་རྩོད་རྙོག་ཆེན་པོ་རེ་སླེབ་དུས་རྩོད་རྙོག་དེའི་སྣེ་མོ་ན་ཡོད་མཁན་དག་གིས་ཀྱང་དོན་དངོས་གང་ཡིན་མི་ཤེས་པའི་གནས་ཚུལ་ཡོད་ལ། གང་ལྟར་གནས་ལུགས་དང་རྒྱུ་མཚན་ལས་ཤོག་ཁག་གི་ལ་རྒྱ་གཙོ་བོར་འཛིན་པའི་འདུ་ཤེས་ཤིག་རང་བཞིན་གྱིས་གྲུབ་ཟིན།
ཁ་ཕྱོགས་འདི་ལ་བརྟེན་ནས་སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་ཟུར་དང་སྲིད་ཟུར། བཀའ་ཟུར་རྣམ་པ། ཁྲིམས་ཞིབ་པ་ཟུར་པ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། བོད་གཞུང་གི་དྲུང་ཆེ་ཆུང་ནས་ལས་བྱེད་པ་སོགས་དང། ས་གནས་ཀྱི་བོད་རིགས་ཚོགས་པ་ཁག་གི་རྒྱུན་ལས་བཅས་ལས་སྣེ་ཆེ་ཆུང་ཚང་མ་ལ་ཕྱོགས་ཡོངས་ནས་མཐོང་དང་ཆ་འཇོག་གང་ཡང་མེད་པ་ཞིག་ཏུ་བསྒྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཤོག་ཁག་ཕྱོགས་རེ་བས་གོང་བཀུར་ཞུ་བ་ཙམ་ལས། མི་ཚང་མས་གཅིག་གྱུར་གྱིས་ཆེ་མཐོང་དང་ཆ་འཇོག་གུས་བཀུར་བཅས་ཞུ་ཡུལ་ཉག་གཅིག་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཅིག་པུ་ལས་གཞན་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཟིན། དེ་ནི་བོད་པའི་ཁ་རྒྱུན་དུ་“རང་གིས་རང་གཞོག་ན་རང་ཕྲ། རང་གིས་རང་བཅད་ན་རང་ཐུང་”ཟེར་བ་ལྟར་མཐའ་མ་བོད་གཞུང་འབངས་གཉིས་ཕམ་ཉེས་ཁོ་ནར་འགྱུར་རྒྱུ་ལས་བཟང་ཕྱོགས་ཀྱི་གྲུབ་འབྲས་གཞན་མེད།
མདོར་ན་སྤྱི་ཚོགས་དྲ་ལམ་ནང་དྲ་འབུ་རྣམས་ཀྱིས་དཀྲོག་གཏམ་བཤད་པ་དག་ལ་སྐབས་རེ་སྲིད་སྐྱོང་གིས་རྗེས་ཟློས་ལན་འདེབས་སོགས་དོ་སྣང་ཆེན་པོ་བྱེད་པ་དང། གྲོས་ཚོགས་ནང་དུ་ཡང་དྲ་འབུ་དག་གིས་གང་བཤད་པ་རྣམས་བསྐྱར་ཟློས་ཡང་ཟློས་ཀྱིས་རྩོད་གླེང་བྱེད་པ་སོགས་དོན་དམ་པར་སྤྱི་ཚོགས་ཀྱི་ཁ་ལོ་སྒྱུར་མཁན་ནི། འགན་ཁུར་གང་ཡང་མེད་པའི་དྲ་འབུ་དག་ཡིན་ལ། འདི་དག་གིས་དོ་སྣང་བྱེད་སྟངས་དང་དུས་ཚོད་གཏོང་སྟངས་ལ་ཞིབ་ཏུ་བསམ་བློ་གཏོང་དུས། སྐབས་རེ་དགྲ་ཕྱོགས་ཀྱི་ལས་འགུལ་ཆེན་པོ་རེ་དང་འབྲེལ་བ་མེད་དམ་སྙམ་པ་འདུག ༧གོང་ས་མཆོག་དགུང་ན་ཧ་ཅང་སྨིན་ཟིན་པ་དང། བཙན་བྱོལ་སྤྱི་ཚོགས་ནང་མི་གཞན་ནུས་པ་ཅན་དང་ཆེ་མཐོང་བྱེད་ཡུལ་སུ་གཅིག་མེད་པར་གྱུར་སོང་ན། དོན་དམ་པའི་ཁེ་ཕན་ཆེ་ཤོས་རག་མཁན་རྒྱ་དམར་དྲག་པོའི་གཞུང་ཡིན་པ་ལས། བོད་པ་སུ་གཅིག་ལ་ཁེ་ཕན་མེད་པས་བོད་མི་རྒན་གཞོན་ཚང་མས་གནད་དོན་འདི་དག་གི་ཐོག་ལ་བསམ་བློ་མི་གཏོང་ཐབས་མེད་ཅིག་ཏུ་གྱུར་ཡོད་སྙམ།།