དྲྭ་ཐོག་ནས་རྐུ་ཇག་བྱེད་མཁན་གྱི་ཚོགས་པ་ལས་རྒྱ་གར་བ་འགའ་སྐྱོབ་ཐུབ་ཡོད་འདུག
དེང་དུས་ཀྱི་འཕྲུལ་རིགས་ཡར་རྒྱས་ཕྱིན་ནས་མི་མང་པོ་ལ་ཕན་ཐོགས་རྒྱ་ཆེན་འབྱུང་གི་ཡོད་ཀྱང་། ཕྱོགས་གཞན་ནས་མི་མང་པོ་ཞིག་གི་དངུལ་དང་རྒྱུ་སོགས་དྲྭ་ཐོག་ནས་མགོ་སྐོར་བསླུ་བྲིད་བྱས་ཏེ་དངུལ་ཕོན་ཆེན་ཤོར་བ་སོགས་འབྱུང་གི་ཡོད་འདུག་ལ། ཡང་དྲྭ་ཐོག་ནས་ལས་ཀ་སོགས་སྤྲོད་རྒྱུའི་ཁས་ལེན་བྱས་ནས་མི་མང་པོ་ཞིག་མགོ་སྐོར་ཐེབས་ཏེ། ཇག་ཚོགས་ཀྱི་ལྟེ་གནས་དེ་འདྲའི་ནང་ཚུད་ཀྱི་ཡོད་འདུག ཉེ་ཆར་རྒྱ་གར་གྱི་མི་མང་པོ་ཞིག་ཇག་ཚོགས་ཀྱི་ལྟེ་གནས་དེ་འདྲའི་ནང་ཚུད་དེ་མཐར་རྒྱ་གར་གཞུང་གི་རོགས་རམ་འོག་རྒྱ་གར་བ་མང་པོ་སྐྱོབ་ཐུབ་ཡོད་འདུག

ཕྱི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་བརྗོད་དོན་ལ། ད་བར་རྒྱ་གར་གྱི་མི་མང་༢༥༠ ཙམ་ཀམ་བྷོ་ཌི་ཡའི་ནང་ཡོད་པའི་དྲྭ་ཐོག་ནས་རྐུ་ཇག་རིགས་བྱེད་མཁན་གྱི་ལྟེ་གནས་དེ་འདྲ་ནས་སྐྱོབ་ཐུབ་ཡོད་པ་དང་། ལྟེ་གནས་དེ་འདྲའི་ནང་ད་བར་རྒྱ་གར་བ་ཁྱོན་༥༠༠༠ ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ནང་དྲྭ་ཐོག་ནས་དངུལ་སོགས་རྐུ་ཇག་རིགས་བྱེད་མཁན་ཁྲིམས་འགལ་གྱི་ཇག་པའི་ལྟེ་གནས་དེ་འདྲ་མང་པོ་ཡོད་འདུག་ལ། ཚོགས་པ་དེ་ཚོས་འཛམ་གླིང་གི་ས་ཆ་འདྲ་མིན་ནས་མི་མང་པོ་ལ་ས་ཁུལ་དེ་འདྲའི་ནང་ཡོང་ན་ལས་ཀ་དང་ཚོང་ལས་སོགས་ཡོད་ཚུལ་བརྗོད་ནས་མགོ་སྐོར་གཏོང་གི་ཡོད་འདུག ས་ཁུལ་དེའི་ནང་འབྱོར་རྗེས་དབང་བཙན་ཐོག་ནས་ལས་ཀ་བསྐུལ་བ་དང་། བུད་མེད་ཡིན་ན་སྨད་འཚོང་མ་བྱེད་བཅུག་པ། དྲྭ་ཐོག་ནས་གཞན་གྱི་ཁ་པར་དང་གློག་ཀླད་སོགས་ནང་ཚུད་ནས་དངུལ་རྐུ་ཇག་རིགས་བྱེད་ཀྱི་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། ཕྱི་ལོ་༢༠༢༣ ནང་འབར་མའི་རྒྱལ་ཁབ་ནང་དྲྭ་ཐོག་ནས་རྐུ་ཇག་རིགས་བྱེད་མཁན་གྱི་ཚོགས་པ་དེ་འདྲའི་ནང་ཁྱོན་མི་༡༢༠༠༠༠ ཙམ་ཡོད་པ་དང་། ཀམ་བྷོ་ཌི་ཡའི་ནང་ཁྱོན་མི་༡༠༠༠༠༠ ཙམ་ཡོད་པར་བརྗོད་འདུག་ལ། མི་མང་པོ་ཇག་ཚོགས་དེ་འདྲའི་ནང་མགོ་སྐོར་འོག་ཚུད་ནས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་བྱེད་འཇུག་གི་ཡོད་པ་རེད་ཅེས་བརྗོད་འདུག ཕྱི་ལོ་༢༠༢༣ ནང་ཧྥི་ལི་ཕིན་གྱི་ཉེན་རྟོག་པས་ཇག་ཚོགས་དེ་འདྲ་ནས་མི་བརྒྱ་ཙམ་ཞིག་སྐྱོབ་ཐུབ་ཡོད་འདུག ཁོང་ཚོ་མགོ་སྐོར་འོག་ཚུད་ཐབས་གཞན་ཞིག་ནི་དྲྭ་ཐོག་ཏུ་པར་དང་མིང་སྙན་པོའི་རིགས་བཞག་ནས་ཕོ་མོ་ཕན་ཚུན་དགའ་རོགས་སྒྲིག་རྒྱུ་ཁས་ལེན་བྱེད་པ་སོགས་ཀྱི་བསླུ་བྲིད་ཀྱིས་ཇག་ཚོགས་དེ་འདྲའི་ནང་ཚུད་ཀྱི་ཡོད་འདུག དེ་བཞིན་བདུན་ཕྲག་འགའ་ཤས་སྔོན་ལ་འབར་མའི་ནང་དུ་ཡང་མི་བརྒྱ་ཙམ་ཞིག་ཉེན་རྟོག་པས་སྐྱོབ་ཐབས་ཡོད་པར་བརྗོད་འདུག རྒྱ་གར་གྱི་ཕྱི་སྲིད་མགྲིན་ཚབ་པ་(Randhir Jaiswal)ཟེར་བ་དེས་ད་ཆར་རྒྱ་གར་དང་ཀམ་བྷོ་ཌི་ཡ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཇག་ཚོགས་དེ་ཚོ་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་འདུག་པ་དང་། རྒྱ་གར་གཞུང་གིས་ད་བར་འདས་པའི་ཟླ་བ་༣ ནང་ཁྱོན་མི་༧༥ ཙམ་སྐྱོབ་ཐུབ་ཡོད་པར་བརྗོད་འདུག བདུན་ཕྲག་སྔོན་མ་རྒྱ་གར་གསར་ཁང་(the Indian Express) ཡིས་ཧྥི་ལི་ཕིན་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ལ་ཇག་ཚོགས་དེ་ཚོའི་ནང་ཡོད་པའི་རྒྱ་གར་བ་༡༣༠ ཙམ་གྱིས་རོགས་རམ་བྱེད་རྒྱུའི་རེ་འདུན་ཞུས་ཡོད་འདུག ཁོང་ཚོ་ནི་མི་སྟོང་ཚོ་མང་པོའི་ཁྲོད་ནས་དཀའ་ངལ་འཕྲད་མཁན་དག་ཡིན་འདུག་པ་དང་། མི་མང་འགའ་ཤས་ལ་གཞུང་གི་མི་ཡིན་ཁུལ་བྱས་ནས་དངུལ་སོགས་སྤྲོད་དགོས་པའི་བཙན་བཀའ་ཡང་གཏོང་མཁན་བྱུང་ཡོད་འདུག འདས་པའི་ཟླ་བ་༦ ནང་ཚོད་དཔག་བྱས་ན་རྒྱ་གར་གྱི་མི་མང་ཁྲོད་རྒྱ་གར་གྱི་སྒོར་མོ་ཐེར་འབུམ་༥ ཙམ་བསླུ་བྲིད་བྱས་ཡོད་པ་རྒྱ་གར་གྱི་གསར་ཁང་དེས་བརྗོད་འདུག རྒྱ་གར་ལྷོ་ཕྱོགས་ནས་ཡིན་པའི་མིང་ལ་(Stephen)ཟེར་བ་ཞིག་མགོ་སྐོར་འོག་ཚུད་མྱོང་ཡོད་འདུག་པ་དང་། ཁོ་ནི་རྒྱ་གར་ལྷོ་ཕྱོགས་མང་ལོར་(Mangaluru)གྲོང་ཁྱེར་ནས་ཡིན་འདུག ཁོས་བརྗོད་དོན་ལ་ཁོ་ཐོག་མར་གྲངས་རྩིས་དང་འབྲེལ་བའི་ལས་ཀ་ཡོད་ཚུལ་བརྗོད་ནས་ཀམ་བྷོ་ཌི་ཡའི་ནང་ཡོང་དགོས་པར་བརྗོད་ཡོད་པ་དང་། ཀམ་བྷོ་ཌི་ཡའི་ནང་འབྱོར་དུས་ཇག་ཚོགས་དེས་ཁོ་ལ་དྲྭ་ཐོག་ཏུ་བུད་མེད་གཅིག་གི་མིང་དང་པར་ཡིན་པའི་དྲྭ་རྒྱ་ཞིག་བཟོ་དགོས་སོགས་ཀྱིས་གཞན་ལ་བསླུ་བྲིད་བྱེད་རྒྱུའི་བཙན་བཀའ་བཏང་ཡོད་ཚུལ་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།