དྷ་ཤེ་རཱའི་དུས་ཆེན་སྲུང་བརྩིའི་སྐབས་མི་༦༠ ལྷག་མེ་འཁོར་གྱིས་བསད་འདུག

རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་རྒྱ་གར་པན་ཇཱབ་མངའ་སྡེའི་ཨོམ་རི་ཊི་སར་ནས། མེ་འཁོར་ཞིག་ལྕགས་ལམ་ཐོག་ཡོད་པའི་མི་ཚོགས་ཁྲོད་རྒྱུགས་ནས་མི་༦༠ ལྷག་བསད་ཡོད་པ་དང་། མི་༡༠༠ ལྷག་ལ་སྨས་སྐྱོན་ཤོར་ཡོད་འདུག

དེ་ཡང་ཉིན་དེར་རྒྱ་གར་གྱི་ས་གནས་འདྲ་མིན་ནས་ཧིན་རྡུ་ཆོས་ལུགས་ཀྱི་དྷ་ཤེ་རཱའི་དུས་ཆེན་གྱི་ཉིན་༡༠ པ་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། ས་གནས་དེར་ཡང་དུས་ཆེན་དེ་སྲུང་བརྩི་བྱས་ནས་རྩེད་མོ་རྩེ་བ་དང་། ཤོག་པག་སྤར་བ་སོགས་བྱས་སྟབས། ཤོག་པག་གི་སྐད་སྒྲ་ལ་བརྟེན་ནས་ཉེ་འགྲམ་དུ་མེ་འཁོར་ཡོང་གི་ཡོད་པ་མ་ཚོར་བའི་ཁར། བདུད་རྒྱལ་རཱ་ཝན་གཟུགས་ཅན་ཐོག་ཤོག་པག་སྤར་བཞིན་པ་ལ་མགོ་འཐོམས་ནས་ལྷག་ཡོད་འདུག

གནས་ཚུལ་གཞན་ཁག་ཅིག་ནང་གསལ་བ་ལྟར་ན། ཤོག་པག་སྤར་མཁན་དང་གོ་སྒྲིག་པ་ཚོས་ཤོག་པག་སྤར་དུས་མང་ཚོགས་ཤོག་པག་སྤར་ས་ནས་ཕྱིར་ནུར་ཏོག་ཙམ་བྱེད་དགོས་པ་བརྗོད་ཡོད་འདུག་པ་དང་། དེ་བཞིན་གནས་ཚུལ་གཞན་ཞིག་གི་ནང་། མེ་ལ་སྲེག་བཞིན་པའི་བདུད་རྒྱལ་གཟུགས་ཅན་གྱི་ཐོག་ཤོག་པག་སྤར་དུས་དེ་མགོ་རྟིང་སློག་དོགས་ཀྱིས་ལྟད་མོ་བ་རྣམས་ཞེད་ནས་ཕྱིར་ནུར་བྱས་སྟབས། མེ་འཁོར་ལྕགས་ལམ་ཐོག་འབྱོར་ཡོད་སྐོར་ཡང་འདུག

གནས་ཚུལ་དངོས་སུ་མཐོང་མཁན་ཚོས་འགྲེལ་བརྗོད་གནང་བ་ལྟར་ན། མེ་འཁོར་ལྕགས་ལམ་ཐོག་ཡོད་པའི་གནོད་འཚེ་ཕོག་ཡུལ་རྣམས་ཀྱིས་དུས་ཆེན་གྱི་རྣམ་པ་དང་། ཤོག་པག་སྤར་བ་སོགས་ལ་ཁ་པར་ནས་པར་རྒྱག་པ་དང་། བརྙན་ཐུང་ལེན་རྒྱུ་བཅས་ལ་བྲེལ་འཚུབ་ངང་གནས་སྟབས་མེ་འཁོར་མགྱོགས་པོར་ཡོང་གི་ཡོད་པ་མ་ཚོར་ནས་དེ་ལྟར་བྱུང་བའི་གནས་ཚུལ་ཡང་འདུག

ས་གནས་དེར་གནས་སྡོད་བྱེད་མཁན་ཨཱ་མི་ཏི་ཀུ་མར་ཟེར་བས། དུས་ཆེན་དེ་ལོ་ལྟར་བརྩི་སྲུང་བྱེད་ཀྱི་ཡོད་པ་དང་“ལོ་ལྟར་དུས་ཆེན་སྲུང་བརྩིའི་སྐབས་ལྕགས་ལམ་ཐོག་མི་མང་སྡོད་ཀྱི་ཡོད་རེད་”ཅེས་བྷི་བྷི་སི་གསར་ཁང་ལ་བརྗོད་འདུག་པ་དང་། མ་གཞི་མེ་འཁོར་དེ་ནི་ཇཱ་ལན་ཌར་ནས་ཨོམ་རི་ཊི་སར་འགྲོ་མཁན་ཞིག་ཡིན་འདུག

གནས་ཚུལ་འདིའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས། གནས་ཚུལ་དེ་འདྲ་ཞིག་བྱུང་བར་བློ་ཕམ་ཆེན་པོ་བྱུང་བ་དང་། རྨས་མ་རྣམས་གང་མགྱོགས་དྲག་བསྐྱེད་ཡོང་བ། ཤུལ་ལུས་ལྟོས་བཅས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད། འབྲེལ་ཡོད་གཞུང་ལས་རྣམས་ལ་རོགས་རམ་བྱ་རྒྱུར་རེ་སྐུལ་ཞུས་ཟིན་སྐོར་གསུངས་ཡོད་འདུག་པ་མ་ཟད། པན་ཇཱབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་མཱ་རིན་ཌེར་གྱིས་“རྨས་མ་རྣམས་ལ་གང་ཡོང་རོགས་སྐྱོར་བྱ་རྒྱུ་ཡིན་”ཞེས་དང་། ས་གནས་རྫོང་གཞུང་ལ་རྨས་མ་རྣམས་ལ་སྨན་བཅོས་གང་ཡོང་བྱ་རྒྱུའི་ལམ་སྟོན་དང་བཀའ་མངགས་གནང་ཟིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།