དྷ་ཤོད་བོད་ཁྱིམ་སློབ་གྲྭ་དངོས་སུ་སྒོ་རྒྱག་དགོས་བྱུང་འདུག

སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པར་བརྟེན། ལོ་ངོ་བཞི་བཅུ་ཙམ་སོང་བའི་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དངོས་སུ་སྒོ་རྒྱག་དགོས་བྱུང་ཡོད་འདུག

པར། བོད་ཕྲུག་ཁྱིམ་སྡེ།

ཟླ་འདིའི་ཚེས་༡༩ ཉིན་བོད་ཕྲུག་ཁྱིམ་སྡེའི་ངོ་དེབ་ཐོག་ཏུ་དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་སྒོ་བརྒྱབས་པའི་གནས་ཚུལ་བཀོད་འདུག་པ་དང་། དེ་ཡང་སྒོ་རྒྱག་དགོས་དོན་སློབ་ཕྲུག་གིས་མི་འདང་བ་དང་རྒྱུ་གྲོན་ཆེ་བའི་དབང་གིས་ཡིན་པ་དང་། སློབ་གྲྭའི་དགེ་རྒན་དང་ལས་བྱེད། སློབ་མ་བཅས་བོད་ཁྱིམ་སློབ་གྲྭ་ཁག་གཞན་དུ་གནས་སྤོ་བྱས་ཡོད་པར་བརྗོད་འདུག ལོ་འདིའི་ཕྱི་ཟླ་༡༠ པའི་ཚེས་༡༠ ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༤༠ འཁོར་བའི་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།

ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་ཐོག་དྷ་ཤོད་བོད་ཁྱིམ་སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༨༤ གོང་ནས་གསར་འཛུགས་གནང་ཡོད་ཀྱང༌། སློབ་གྲྭ་དངོས་གཞི་འགོ་འཛུགས་དུས་ནི་ཕྱི་ལོ་༡༩༨༤ ཕྱི་ཟླ་༥ ཚེས་༡ ཉིན་ཡིན་འདུག། དེ་སྔ་བུ་ཕྲུག་བཞེས་པ་རྣམས་ནང་མིའི་གནས་སྟངས་དཀའ་ངལ་ཡོད་པ་འབའ་ཞིག་ལ་བརྟེན་ཕྲུ་གུ་སློབ་འཇུག་སྐབས་བཞེས་ཉར་མ་ཞུ་ཐབས་མེད་བྱུང་ཡོད་ཀྱང༌། རིམ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བའི་ཆ་ནས་སློབ་འཇུག་ཞུ་ཕྱོགས་ལའང་འགྱུར་བ་བཏང་སྟེ་སློབ་དོད་འབུལ་ཐུབ་མཁན་ཚོས་འབུལ་ཞུ་དགོས་པའི་སྐུལ་མ་མུ་མཐུད་གནང་བ་དང༌། ཕ་མ་མང་པོས་ཀྱང་མོས་མཐུན་ཞུས་ཏེ་སློབ་དོད་འབུལ་ཞུ་ཆོག་པ་དང༌། བུ་ཕྲུག་བཞེས་ཉར་དགོས་པའི་འབོད་སྐུལ་ཞུ་རྒྱུའི་བསམ་ཚུལ་ཡང་གསལ་འདོན་བྱུང༌བའི་སྐོར། ཕྱོགས་གཞན་ཞིག་ནས་བོད་ནང་སློབ་སྦྱོང་གི་གོ་སྐབས་ཇི་བཞིན་མ་ཐོབ་པའི་བུ་ཕྲུག་མང་པོ་སློབ་སྦྱོང་ཆེད་ཡོང་བའི་གནས་ཚུལ་སོགས་ལ་བརྟེན་འཚོ་དོད་འབུལ་མཁན་སློབ་མ་གཙོ་བོར་དམིགས་པའི་སློབ་གྲྭ་ཞིག་དགོས་གལ་དུ་གཟིགས་ཏེ་བུ་ཕྲུག་༧༠༠ སྐོར་འཚོ་གནས་ཐུབ་པའི་འཆར་འགོད་བྱས་པ་དང་ཆབས་ཅིག་ཨར་ལས་འགོ་འཛུགས་དང་འབྲེལ་བའི་ལས་བྱེད་༣ དང༌། ཨར་ལས་གང་མཚམས་གྲུབ་སྐབས་སློབ་སྤྱི་དང་དགེ་རྒན་དེ་བཞིན་མ་ཚབ་སོགས་ཁྱོན་མི་གྲངས་༤༣ དང༌། འགོ་འཛུགས་ཀྱི་ཆེད་དུ་བོད་ནས་འབྱོར་བའི་སློབ་ཕྲུག་༡༠༠ ཐམ་པ་བཅས་བཏང་སྟེ། ཕྱི་ལོ་༡༩༨༤ ཕྱི་ཟླ་༥ ཚེས་༡ ནས་དངོས་སུ་དབུ་འཛུགས་གནང༌ཞེས་སློབ་གྲྭའི་ལོ་རྒྱུས་མདོར་བསྡུས་ཤིག་བཀོད་འདུག།འདི་གའི་གསར་འགོད་པས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་སོགས་ལ་སློབ་གྲྭ་སྒོ་རྒྱག་དགོས་པའི་རྒྱུ་མཚན་སོགས་དེ་འབྲེལ་གྱི་བཀའ་འདྲི་ཞུས་ཀྱང་། གོང་ལ་ཞུ་དགོས་པར་གསུངས་སོང་བས་དམིགས་བསལ་དེ་འབྲེལ་གྱི་ལན་རག་མ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།