དྷ་ས་དང་སྦེལ་ཀོབ་ཏུ་ཏོག་དབྱིབས་ནད་ཡམས་ཕོག་མཁན་བོད་མི་བྱུང་ཡོད་འདུག

བོད་མི་གནས་སྡོད་བྱེད་སའི་ས་གནས་སྦེལ་ཀོབ་དང་། དྷ་སར་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་ཕོག་བྱུང་ཡོད་པའི་གནས་ཚུལ་འདུག དྷ་སར་བུད་མེད་ལོ་༡༩ ཅན་ཞིག་དང་། སྦེལ་ཀོབ་ཏུ་སྐྱེས་པ་ཞིག་ཡིན་འདུག་ལ། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གཉིས་ཀ་ས་གནས་ཕྱི་ལོག་ནས་ཡོང་བ་ཡིན་འདུག

ཟླ་འདིའི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་པ་ལྟར་ན། ད་ལྟའི་བར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ལ་བོད་མི་གྲངས་༧ (སྐྱེས་པ་རང་ལོ་༥༨ རང་ལོ་༢༨ དང་། བུད་མེད་རང་ལོ་༢༣ རང་ལོ་༢༠ རང་ལོ་༥༥ རང་ལོ་༢༣ རང་ལོ་༢༡) ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་ཡོད་པའི་ནང་མི་༣ (བུད་མེད་རང་ལོ་༢༣ རང་ལོ་༢༠ རང་ལོ་༢༡)དྲག་བསྐྱེད་བྱུང་ཟིན་ཡོད་འདུག དེ་བཞིན་རྒྱལ་ས་ལྡི་ལིའི་ནང་བོད་མི་གྲངས་༣ (སྐྱེས་པ་རང་ལོ་༧༨ རང་ལོ་༣༤ བུད་མེད་རང་ལོ་༢༩) ལ་ནད་གཞི་ཕོག་ཅིང་མི་༡ (སྐྱེས་པ་རང་ལོ་༧༨ སོན་པ་)ཟླ་༦ ཚེས་༡༠ ཉིན་འདས་གྲོངས་སོང་ཟིན་པའི་གནས་ཚུལ་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་བོད་མི་གྲངས་༡ (སྐྱེས་པ་རང་ལོ་༣༠)ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་འདུག་པས་ཁྱོན་ད་བར་རྒྱ་གར་ནང་བོད་མི་གྲངས་༢༤ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་༡༣ དྲག་བསྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་༩ ནད་མནར་བཞིན་པའི་གནས་ཚུལ་སྤེལ་འདུག ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འགོ་འཛིན་དང་ས་གནས་གསོ་རིག་སྨན་པ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་བ་གནང་བཞིན་ད་ལྟའི་ཆར་ནད་མནར་བཞིན་པ་རྣམས་ལ་དམིགས་བསལ་ཚབས་ཆེའི་ནད་རྟགས་གང་ཡང་མེད་པའི་གནས་ཚུལ་སྤེལ་འདུག

སྦེལ་ཀོབ་དང་། དྷ་སར་ནད་པ་ཡོད་པ་གོང་གི་ཕྱོགས་བསྡོམས་ནང་འགོད་རྒྱུ་ཡིན་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་བཀའ་ཤག་གིས་གསལ་བསྒྲགས་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མུ་མཐུད་ཐེམ་སྤང་བཀའ་རྒྱ་བསྡམས་དགོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། དགོན་སྡེ་ཁག་གི་ནང་དགོས་ངེས་ཅན་གྱི་སྐམ་ཟས་ཚོང་ཁང་དང་། ཟ་ཁང་སོགས་སྒོ་ཕྱེ་པ་ཡིན་ནའང་མི་འགྲོ་གཉིས་ཀྱི་དབར་རྒྱང་ཐག་རིང་ཚད་གང་འཚམས་ངེས་པར་དུ་འཇོག་དགོས་པ་དང་། ཚོང་ཁང་དང་ཟ་ཁང་དེ་དག་གི་ནང་གཞིས་ཆགས་ནང་ཁུལ་གྱི་མི་མ་གཏོགས་ཕྱི་ནས་རྩ་བ་ཉིད་ནས་ཡོང་མི་ཆོག དེ་བཞིན་སྤྲོ་སྐྱིད་དང་རྩེད་རིགས་འདུ་འཛོམས་སོགས་སྔ་འཕྲོས་རིང་མི་གནང་བ་བྱ་དགོས། དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་འདུ་ཚོགས་རིགས་མི་གནང་ཐབས་མེད་དང་། ངེས་པར་དུ་སློབ་ཁྲིད་དགོས་པའི་རིགས་ཡོད་ཚེ་དགེ་འདུན་པའི་གྲངས་འབོར་གྱི་བརྒྱ་ཆ་ ༣༠ འདུ་ཆོག་ཅེས་སྤེལ་འདུག ། ནད་གྲངས་སྤྱིའི་གནས་ཚུལ།

གསར་འགོད་པ་ཆོས་ཉིད་འོད་ཟེར།