དྷ་ས་དེང་དུས་གྲོང་ཁྱེར་འཛུགས་སྐྲུན་གྱི་རིམ་པ་དང་པོའི་ནང་ཚུད་མེད་པ་རེད།

རྒྱ་གར་གྱི་དེང་དུས་གྲོང་ཁྱེར་ལས་འཆར་གྱི་རིམ་པ་དང་པོའི་ཐོ་གཞུང་ནང་ཧི་མ་ཅཱལ་མངའ་སྡེའི་དྷ་ས་དང་སིམ་ལཱ་གཉིས་ཚུད་མེད་པ་རེད།

126504དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་གཞུང་གིས་རྒྱ་གར་གྲོང་ཁྱེར་ཁག་ལ་དེང་དུས་ཀྱི་ཆ་རྐྱེན་བསྐྲུན་པའི་ལས་འཆར་ཁྲོད། རིམ་པ་དང་པོའི་ནང་གྲོང་ཁྱེར་༢༠ ཡི་མིང་བཏོན་ཡོད་ཀྱང། དྷ་ས་དང་སིམ་ལའི་མིང་བཏོན་མེད་པ་རེད།

ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ཚེས་༢༧ ཉིན་རྒྱ་གར་གཞུང་གིས་དེང་དུས་ཀྱི་གྲོང་ཁྱེར་བསྐྲུན་འཆར་ཡོད་པའི་གྲོང་ཁྱེར་༡༠༠ ཡི་མིང་གཞུང་བཏོན་པས། ཧི་མ་ཅཱལ་མངའ་སྡེའི་ནང་དྷ་ས་གཅིག་པུ་འདེམས་ཐོན་བྱུང་བར། ས་ཁུལ་དེའི་མི་མང་པོས་དགའ་བསུ་ཞུས་ཡོད་ཀྱང། ལོ་སྔོན་མའི་ཕྱི་ཟླ་༡༢ ནང་སིམ་ལཱའི་ས་གནས་འགོ་ཁྲིད་ཀྱིས་དྷ་ས་དེང་དུས་གྲོང་ཁྱེར་ལས་འཆར་ཁོངས་སུ་འདེམས་ཐོན་བྱུང་བ་དེ་དྲང་བདེན་བརྒྱུད་ནས་མ་ཡིན་པ་དང། སིམ་ལཱ་དེ་ལས་དེང་དུས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འོས་བབ་ཡོད་སྐོར་གྱི་ཁ་མཆུ་ཞིག། ཧི་མ་ཅཱལ་མངའ་སྡེའི་ཁྲིམས་ཁང་གོང་མའི་ནང་ཞུ་གཏུགས་བྱས་ཏེ། ཁྲིམས་དཔོན་གྱིས་ཧི་མ་ཅཱལ་མངའ་སྡེའི་ས་ཁུལ་རྣམས་ལ། དེང་དུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འོས་བབ་ཡོད་མེད་དཔྱད་ཞིབ་བྱས་ནས། བདུན་ཕྲག་གཉིས་ནང་ཚུད་ལ་འདེམས་ཐོན་བྱུང་བའི་མིང་ཐོ་སྤྲད་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད།

ཧི་མ་ཅཱལ་མངའ་སྡེའི་གཞུང་གིས་དཔྱད་ཞིབ་བྱས་ཏེ། དྷ་ས་དང་སིམ་ལཱ་གཉིས་དེང་དུས་གྲོང་ཁྱེར་འཛུགས་སྐྲུན་གྱི་འོས་གཞིར་སྤྲད་འདུག་ཀྱང། ཐེངས་འདིའི་རིམ་པ་དང་པོའི་མིང་ཐོའི་ནང་ས་གནས་གཉིས་ཀ་ཚུད་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།