དྷ་ས་ས་གནས་འགོ་ཁྲིད་རྣམས་ཀྱི་ཚོགས་ཆེན་ཐེངས་དང་པོ།

ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་གཅིག་བྱེད་ཀྱི་མི་འདུག གཉིས་བྱེད་ཀྱི་མི་འདུག་ཅེས་ཤུགས་ཆེ་བ་བརྗོད་ནས་སོ་སོས་ག་རེ་བྱེད་ཐུབ་ཀྱི་འདུག ག་རེ་བྱེད་དགོས་རེད། ག་འདྲ་བྱེད་དགོས་རེད་ཟེར་བ་དེ་ཉུང་དྲགས་པའི་བཟོལ་ཞིག་འདུག་ཅེས་སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་གསུངས་སོང་།

 

15218568_278785065856889_654933360_nཟླ་འདིའི་ཕྱི་ཚེས་༢༥ ཉིན་དྷ་ས་ས་གནས་འགན་འཛིན་གྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དྷ་ས་ས་གནས་ཚོགས་སྡེ་ཁག་གི་འགོ་ཁྲིད་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་འཚོགས་བྱས་སོང་ལ། ཚོགས་འདུའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་གྱིས་དབུས་པའི། དྷ་ས་ས་འཐུས་དང་། རང་བདེན་ཚོགས་ཆུང་།  ཧིན་བོད་མཛའ་འབྲེལ་ཚོགས་པ། འཕགས་བོད་འབྲེལ་མཐུད་ཚོགས་པ། ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པ་བཅས་ཀྱི་ཚོགས་གཙོ་བཅས་སྐུ་མགྲོན་དུ་ཕེབས་འདུག

ད་ཐེངས་ཉིན་གཅིག་རིང་གི་ཚོགས་འདུ་དངོས་གཞི་ནང་འཛུལ་ཞུགས་བྱེད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སློབ་གྲྭ་ཁག དགོན་སྡེ་ཁག་བཅས་ཀྱི་སྐུ་ཚབ་དང་། གཞན་ཡང་ཚོགས་པ་སྒེར་སོ་སོ་ཕྱག་ལས་གནང་མཁན་བཅས་ཁྱོན་ཚོགས་སྡེ་ཁག་༡༠༥ ལ་མགྲོན་ཤོག་ཕུལ་ཡོད་པ་ལས་བརྒྱ་ཆ་༧༠ ཙམ་སླེབས་ཡོད་པ་རེད།

ཚོགས་འདུའི་མཛད་སྒོའི་སྐབས་ཚོགས་སྒེར་ཁག་ཅིག་ལ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་དཔལ་ལྡན་སྲིད་ཚབ་བརྒྱུད་བྱ་དགའ་ཁག་ཅིག་འབུལ་ཡོད་པ་ལས།  ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ། དྷ་ས་གྲོང་སྡེ་ལས་ཁུངས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་བྱ་དགའ་དང་། བདེ་ལེགས་སྨན་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། བོད་ཀྱི་བདེ་རྩ་ཚོགས་པ། སྨན་པ་ཡེ་ཤེས་དོན་ལྡན་བཅས་ལ་སྤྱི་ཚོགས་ཞབས་ཞུའི་བྱ་དགའ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་། དྷ་ས་ས་གནས་ཁོར་ཡུག་ཚན་པ་གཉིས་ལ་ཁོར་ཡུག་གཙང་བཟོའི་བྱ་དགའ། སྐུ་ཞབས་ཐུབ་བསྟན་སྙན་གྲགས་དང་། སྤྱི་ཟུར་དྭང་ཤར་ཡོན་ཏན་རྒྱ་མཚོ་གཉིས་ལ་དམིགས་བསལ་བྱ་དགའ་བཅས་ཕུལ་སོང་།

 

15239409_278785072523555_505314696_nམཛད་སྒོའི་ཐོག་མར་དྷ་ས་ས་གནས་འགན་འཛིན་ཟླ་བ་རིན་ཆེན་གྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། “དྷ་ས་དེ་ཁ་འཐོར་གྱི་ས་གནས་རྙིང་ཤོས་ཤིག་དང་རྒྱ་ཆེ་ཤོས་ཤིག་ཡིན་པ་དང་། དེའི་ཁར་ས་གནས་མི་མང་གི་གནད་དོན་དེ་དུས་ནས་དུས་སུ་འགྱུར་བ་འགྲོ་བ་དང་། མི་མང་ཡང་ལོ་གཅིག་གཉིས་དང་། ལྔ་དྲུག བཅུ་ལྟ་བུ་དུས་ཡུན་ཐུང་ངུའི་ནང་བརྗེ་པོ་ཐེབས་པ། དེ་བཞིན་ལས་ཀ་བྱེད་མཁན་གྱི་འགོ་ཁྲིད་རྣམས་ཀྱང་བརྗེ་པོ་ཐེབས་ནས་འགྱུར་བ་འགྲོ་ཡི་ཡོད་རྐྱེན། ཚོགས་སྡེ་ཁག་ཕན་ཚུན་ལ་འབྲེལ་བ་ཏག་ཏག་མཐུད་མ་ཐུབ་པ་ཡོང་གི་ཡོད་པ་རེད། ཚོགས་ཆེན་འདི་བརྒྱུད་ནས་ཕན་ཚུན་ངོ་ཤེས་པ་དང་། ཕྱག་ལས་ག་རེ་གནང་གི་ཡོད་མེད་ཐད་གོ་རྟོགས་སྤྲད་རྒྱུ་བཅས་ཀྱི་ཐོག་ནས་འབྲེལ་མཐུད་ཏག་ཏག་ཅིག་བྱུང་ཐུབ་ཆེད་དང་།  གཞན་ཚོགས་ཆེན་ནང་གྲོས་གཞི་ཁག་ལྔའི་ཐོག་གྲོས་ཆོད་འཇོག་རྒྱུ་བཅས་རེད་”ཅེས་བརྗོད་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོས་གསུང་དོན་དུ། “ནམ་རྒྱུན་ང་ཚོ་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ལ་འགྲོ་དུས་ས་གནས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་བྱེད་རྒྱུ་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་ཞུ་རྒྱུའི་གོ་སྐབས་དེ་འདྲ་ཆེད་མངགས་བཟོ་ཡི་ཡོད་རེད། དེ་བཞིན་གནད་ཡོད་མི་སྣ་ཚོ་དང་བཞུགས་མོལ་ཚོགས་འདུ་བཅས་བརྒྱུད་ནས་ས་གནས་ཀྱི་གནས་སྟངས་དང་། སྤྱིའི་གནས་སྟངས་བཅས་ཕར་ཚུར་ཞུ་རྒྱུ་དེ་འདྲ་ཡོང་གི་འདུག ཡིན་ན་ཡང་། དྷ་རམ་ས་ལར་ང་དྲུང་ཆེ་དང་བཀའ་བློན་བྱས་ནས་ལོ་ཁ་ཤས་ཕྱིན་པ་རེད་དེ། དེའི་རིང་ལ་ས་གནས་འདིར་དེ་འདྲའི་གནས་བབ་མེད་པ་འདྲ་ཞིག་འདུག ད་རེས་གོ་སྐབས་འདི་འདྲ་ཞིག་བྱུང་བ་ཡིན་པས། གཞན་གང་མ་བྱུང་ན་ཡང་ཕན་ཚུན་ངོ་ཤེས་པ་ཆགས་པ་ཡན་ཆད་ནས་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཞིག་”རེད་ཅེས་དང་། “ད་རེས་ནམ་རྒྱུན་མཛད་སྒོ་དང་མི་འདྲ་བར་ཧིན་བོད་མཛའ་འབྲེལ་ཚོགས་པ་དབུས་པའི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་མི་སྒེར་དང་ཚོགས་པ་རྣམས་ལ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་ངོས་འཛིན་དང་ཐུགས་རྗེ་ཆེ་ཞེས་ཆེ་མཐོང་གནང་ནས་བྱ་དགའ་འབུལ་བཞེས
་མཛད་པ་དེ་ངས་ཧ་ཅང་ཡག་པོ་བྱུང་སོང་དྲན་གྱི་འདུག ཕྱག་ལས་གནང་མཁན་ཚོར་ཆེ་བསྟོད་དང་གཟེངས་རྟགས་འབུལ་བ་དེ་གཅིག་ནས་ཡ་རབས་བཟང་སྤྱོད་ཀྱི་ལས་ཀ་ཞིག་དང་། གཉིས་ནས་མ་འོངས་པར་གཞན་ལ་ཡང་མིག་དཔེ་ཡར་འདྲེན་བྱེད་པར་ཕན་ཐོགས་ཏན་ཏན་ཡོད་རེད་དྲན་གྱི་འདུག དེར་བརྟེན། སྤྱི་ཚོགས་ཞབས་ཞུ་དང་། རྒྱ་གར་དང་བོད་ཀྱི་འབྲེལ་ལམ་ཐོག་ཕྱག་ལས་གནང་མཁན་བཅས་ཀྱི་མི་སྒེར་དང་ཚོགས་པ་ཚང་མར་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་” ཅེས་གསུངས་སོང་ལ།

ཡང་གྲོས་གཞི་ཁག་དང་འབྲེལ་ནས་གསུང་དོན་དུ། “གྲོས་གཞི་ཁག་ལྔ་ཡོད་པ་རྣམས་ཧ་ཅང་གནད་འགག་ཆེན་པོ་རེད་འདུག དང་པོ་དེར་ཆེ་ས་ནས་༧སྐྱབས་མགོན་རིན་པོ་ཆེའི་རྩ་ཆེའི་དགོངས་གཞི་ཁག་གསུམ་གྱི་སྐོར་དང་། མཐའ་མ་དེར་དྷ་ས་ས་གནས་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེབས་ག་རེ་ཞུ་ཐུབ་ཀྱི་རེད་ཅེས་འདུག དེར་ང་རང་ཧ་ཅང་དགའ་པོ་བྱུང་། ནམ་རྒྱུན་སློབ་གྲྭ་ཁག་ནང་ངས་སྔ་མོའི་ཨ་རིའི་སྲིད་འཛིན་ཇོན་ཁེ་ནེ་ཌིས་རྒྱལ་ཁབ་ཀྱིས་སོ་སོར་ག་རེ་བྱེད་ཐུབ་ཀྱི་འདུག་མ་དྲིས་པར་སོ་སོས་རྒྱལ་ཁབ་ལ་ག་རེ་བྱེད་ཐུབ་ཀྱི་འདུག་ཅེས་གསུངས་པ་དེ་ཡང་ཡང་ཞུ་ཡི་ཡོད།   ད་ལྟའི་དུས་ཚོད་ལ་ང་ཚོ་བོད་མི་རྣམས་ལ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་གཅིག་བྱེད་ཀྱི་མི་འདུག གཉིས་བྱེད་ཀྱི་མི་འདུག་ཅེས་ཤུགས་ཆེ་བ་བརྗོད་ནས་སོ་སོས་ག་རེ་བྱེད་ཐུབ་ཀྱི་འདུག ག་རེ་བྱེད་དགོས་རེད། ག་འདྲ་བྱེད་དགོས་རེད་ཟེར་བ་དེ་ཉུང་དྲགས་པའི་བཟོ་ཞིག་འདུག དེ་འདྲ་ཡིན་དུས་དྷ་ས་ས་གནས་འགོ་འཛིན་གྱིས་དེ་འདྲའི་དགོངས་པ་བཞེས་སྟངས་ཀྱི་ཐོག་ནས་སྤྱི་ཚོགས་ནང་ལ་འགན་ཁུར་ཡོང་དུས་དངོས་གནས་ཡག་པོ་ཞེ་དྲག་རེད་བསམ་གྱི་འདུག”ཅེས་སོགས་ལམ་སྟོན་རྒྱས་པ་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།