དྷ་སའི་གྲོང་སྡེའི་ལས་ཁུངས་ཀྱི་འཐུས་མིར་བོད་མི་བསྐོ་བཞག་དང་པོ།

དྷ་སའི་བོད་མིའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་དྷ་སའི་གྲོང་སྡེའི་ལས་ཁུངས་ཀྱི་འཐུས་མིར་ཐད་བསྐོས་བྱས་འདུག་པ་དང་། ཁོང་ནི་ད་བར་ལས་ཁུངས་དེར་འཐུས་མི་བསྐོ་བཞག་བྱས་པའི་བོད་མི་དང་པོ་ཡིན་འདུག

16442945_1401038663253332_92078924_oདེ་ཡང་ཟླ་འདིའི་ཚེས་༢ ཉིན་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་འཛུགས་སྐྲུན་ལས་ཁུངས་ཀྱིས་དྷ་སའི་གྲོང་སྡེའི་ལས་ཁུངས་ཀྱི་འཐུས་མི་ལྔ་ཐད་བསྐོས་བྱེད་ཀྱི་ཡོད་པའི་ནང་ད་ལོ་གཅིག་ལ་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་བསྐོ་བཞག་བྱས་པ་དང་། ཧི་མ་ཅལ་མངའ་སྡེའི་མགྲིན་ཚབ་པས། དྷ་སའི་ཁུལ་དུ་བཙན་བྱོལ་བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་པས། ཁོང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་ཚོགས་ནང་ཡོད་པ་དེ་དྷ་སའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་འདུག

འདི་ག་གསར་ཁང་ནས་ས་འགོ་ཟླ་བ་རིན་ཆེན་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པར། དེ་སྔོན་ཧི་མ་ཅལ་གྱི་གྲོང་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་བློན་ཆེན་སུ་ཌིར་ཤར་མས། ཁོང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མིར་བསྐོ་བཞག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཁོང་གིས་དེའི་སྐོར་བཀའ་ཤག་དང་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་ནས། ལས་འགན་དེ་དང་ལེན་བྱས་ཡོད་འདུག

ད་ལྟའི་ཆར་ཧི་མ་ཅལ་གཞུང་འབྲེལ་གྱི་བསྐོ་བཞག་ཡི་གེ་འབྱོར་མེད་ཀྱང་། ཁོང་གིས་བརྗོད་དོན་ལ་བསྐོ་བཞག་གི་གནས་ཚུལ་བཀོད་ཡུལ་གྱི་བརྒྱུད་ལམ་དེ་ནི་ཧི་མ་ཅལ་མངའ་སྡེའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཡིན་པས། གནས་ཚུལ་དེ་བདེན་པ་ཡིན་པ་དང་། དུས་རྒྱུན་གྲོང་སྡེ་འཐུས་ཚོགས་ཀྱི་ཚོགས་འདུ་ཚོགས་དུས། ཁོང་མཉམ་ཞུགས་བྱས་ནས་བོད་མི་ཚོའི་བདེ་དོན་གླེང་རྒྱུའི་གོ་སྐབས་ཡོད་སྐོར་ཟླ་བ་རིན་ཆེན་གྱིས་འགྲེལ་བརྗོད་གནང་སོང་།

དྷ་སའི་གྲོང་སྡེའི་ལས་ཁུངས་ཀྱི་འཐུས་ཚོགས་ལ་འཐུས་མི་ལྔ་ཐད་བསྐོས་དང་། མི་མང་གིས་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་འཐུས་མི་༡༧ ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།