དྷ་སའི་ཉེ་འཁོར་ནས་རྒྱ་མིའི་གསང་མྱུལ་བའི་དོགས་གཞིའི་འོག་མི་གཉིས་འཛིན་བཟུང་། 

ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འཇུ་བཟུང་བྱས་པའི་རྒྱ་ནག་གི་མྱུལ་མ་ལའོ་སང་(Lou sang) དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་གཉིས་བཞུགས་སྒར་དྷ་སའི་ཉེ་འཁོར་དུ་ཆགས་པའི་བྷིར་དང་ཅོང་དྷ་རཱ་ནས་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས། ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱིས་༧གོང་ས་མཆོག་གི་སྐུ་སྲུང་བདེ་འཇགས་ཐོག་སྔར་བས་དོགས་ཟོན་དང་ཉེན་སྲུང་ཆེ་བ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བཞུགས་སྒར་དྷ་སའི་ཉེ་འཁོར་དུ་ཆགས་པའི་བྷིར་དང་ཅོང་དྷ་རཱ་ནས་རྒྱ་ནག་གི་གསང་མྱུལ་བ་ལའོ་སང་(Lou sang) དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་གཉིས་རྒྱ་གར་གྱི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་རྩད་གཅོད་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་འདུག 

རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཇུ་བཟུང་བྱས་པའི་མི་སྣ་གཉིས་ལས་གཅིག་ནི་ཅོང་དྷ་རཱ་ནས་ཡིན་པའི་བོད་པ་མིང་ལ་བསོད་ནམས་དབང་འདུས་(བརྒྱུད་ལམ་ཁ་ཤས་ནང་བསོད་ནམས་དབང་ཕྱུག་འཁོད་འདུག) ཟེར་བ་ཞིག་ཡིན་འདུག་ཅིང་། གཞན་དེ་ལིན-ཧུའུ་(Len Hu) ཞེས་པའི་རྒྱ་ནག་གི་བུད་མེད་ཅིག་ཡིན་འདུག ཁོ་གཉིས་ལ་འཚོ་བའི་ཡོང་སྒོ་དམའ་ན་ཡང་། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཡང་ཡང་སྤྲོ་འཆམ་ལ་སྐྱོད་པ་དང་། དངུལ་ཁང་དུ་དངུལ་ཕོན་ཆེན་ཡོད་པའི་གནས་ཚུལ་དེ་ཉེན་རྟོག་པས་ཤེས་རྟོགས་བྱུང་འདུག་པ་མ་ཟད། མངའ་སྡེ་དང་དབུས་གཞུང་གི་ཉེན་རྟོག་པ་མཉམ་འབྲེལ་གྱིས་དོགས་ཡོད་མི་སྣ་གཉིས་ཀྱིས་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་གསང་བའི་ངང་མཁོ་སྒྲུབ་བྱས་ཡོད་མེད་རྩད་གཅོད་ཞིབ་འཇུག་བྱེད་ཀྱི་ཡོད་འདུག 

དོན་རྐྱེན་དེ་དང་འབྲེལ་བའི་ཐོག་ལ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇཱ་རཱམ-ཐ་ཁཱར་(Jai Ram Thakur) གྱིས་རེས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་“ཁོ་གཉིས་ལ་༧ཏཱ་ལའི་བླ་མའི་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་དང་རྩིས་སྤྲོད་བྱེད་པའི་ཆེད་དུ་སྒོར་མོ་སྟེར་བ་རེད་འདུག་”ཅེས་གསུངས་པའི་ཁར། མངའ་སྡེའི་གཞུང་ནས་༧གོང་ས་མཆོག་གི་སྐུའི་བདེ་འཇགས་ཐོག་ལ་སྔར་བས་ཉེན་སྲུང་དང་དོགས་ཟོན་བྱེད་རྒྱུ་ཡིན་ཚུལ་བསྣན་འདུག

རྒྱ་གར་གྱི་གསར་ཁང་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། བསོད་ནམས་དབང་འདུས་༢༠༠༦ ལོར་བོད་ནས་རྒྱ་གར་དུ་སློབ་མའི་མིང་ཐོག་ནས་འབྱོར་བ་དང་། ད་ལྟའི་ཆར་ཅོང་དྷ་རཱའི་བོད་སློབ་ཅིག་ཏུ་དགེ་རྒན་གྱི་ལས་ཀ་བྱེད་ཀྱི་ཡོད་འདུག་པ་དང་། རྒྱ་གར་གྱི་མྱུལ་ཞིབ་པ་ཚོས་ཁོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་གཞན་གཉིས་ལའང་དོགས་གཅོད་བྱེད་ཀྱིན་ཡོད་འདུག 

རྒྱ་ནག་གི་བུད་མེད་དེ་ནི་རང་གི་བུ་མོ་གཉིས་དང་ལྷན་དུ་བྷིར་གྲོང་གསེབ་ཏུ་ཡུན་རིང་འཚོ་སྡོད་བྱེད་མཁན་ཞིག་ཡིན་འདུག་པ་དང་། ཉེན་རྟོག་པས་མོ་དྷ་སའི་ཉེ་འཁོར་ནས་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྒང་ཡིན་པའི་གནས་ཚུལ་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།