དྷ་སའི་དབྱུག་རྩེད་སྤོ་ལོའི་འགྲན་སྡུར་ཕྱིར་འཐེན།

ཟླ་༥ པའི་ནང་དྷ་སའི་ཉེ་འགྲམ་གྱི་དབྱུག་རྩེད་རྩེད་རྭར་འཚོགས་འཆར་ཡོད་པའི་རྒྱ་གར་གྱི་དབྱུག་རྩེད་འགྲན་སྡུར་དེ་ཕྱིར་འཐེན་བྱས་འདུག

6463970992_nདེ་ཡང་ལོ་ལྟར་འཚོག་བཞིན་པའི་རྒྱ་གར་གྱི་དབྱུག་རྩེད་འགྲན་སྡུར་དེར་རྒྱལ་སྤྱིའི་ལུང་པ་མང་པོའི་རྩེད་མོ་བ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང། ལོ་ཤས་རིང་དྷ་སར་ཡོད་པའི་རྩེད་ཐང་དུ། རྒྱ་གར་པན་ཇབ་རུ་ཁག་གི་རྩེད་འགྲན་ཁ་ཤས་ཚོགས་ཡོད་པ་རེད། འདི་ལོར་པན་ཇབ་རུ་ཁག་གི་རྩེད་འགྲན་ཐེངས་གསུམ་ཡོད་པ་དེ་དྷ་ས་ནས་ཕྱིར་འཐེན་བྱས་འདུག དེ་ཡང་ཧི་མ་ཅལ་མངའ་སྡེའི་གཞུང་ནས་རྩེད་འགྲན་འཚོགས་ཆོག་པའི་བརྡ་ལན་ཡིག་ཐོག་ནས་སྤྲད་མེད་པས་རེད་འདུག དེ་སྔོན་ཕྱི་ལོ་༢༠༡༤ ལོར་མངའ་སྡེའི་གཞུང་ནས་བདེ་འཇགས་ཀྱི་འགན་ལེན་བྱས་མེད་པས། དྷ་སར་རྩེད་འགྲན་འཚོགས་ཐུབ་མེད་པ་རེད།

དྷ་སར་ལོ་ལྟར་ཟླ་༥ པའི་ནང་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་ཆེད་དུ་ལྟད་མོ་བལྟ་བར་ཡོང་མཁན་མང་པོ་ཡོད་པ་དང། དེའི་རྐྱེན་པས་ས་གནས་ཀྱི་ཚོང་ཡག་པོ་ཡོང་གི་ཡོད་པ་རེད་དེ། དྷ་སའི་འགྲུལ་ལམ་ཆུང་བ་དང་མོ་ཊ་མང་བའི་རྐྱེན་གྱིས་འགྲུལ་ལམ་ཡུན་རིང་འགག་པའི་གནས་ཚུལ་བྱུང་གི་ཡོད་པ་དང་། དེ་བཞིན་རྩེད་ཐང་གྲ་སྒྲིག་བྱེད་ཆེད་དུ་ཆུ་འཕོན་ཆེན་བེད་སྤྱོད་བྱེད་ཀྱི་ཡོད་པས། ལྷག་པར་དུ་མེག་གྷན་དུ་གནས་སྡོད་བྱེད་མཁན་ལ་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༡༠ ལོར་རྩེད་ཐང་དེར་རྒྱ་གར་པན་ཇབ་དང་ཅེ་ནའི་རུ་ཁག་དབར་གྱི་རྩེད་འགྲན་ཐོག་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།