དྷ་སའི་མི་མང་ཡིན་བསམ་པའི་ཚོར་བའི་ཐོག་འགན་ཁུར་དགོས་རེད།

སྐབས་༤ པའི་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གྱིས་རང་ནུས་གང་ཡོད་ཀྱི་ལས་ཀ་བྱེད་རྒྱུ་ཡིན་པ་དང། མི་མང་ཚོས་འགན་ཁུར་དགོས་ཁར། དཀའ་ངལ་དང་དགོངས་ཚུལ་ཡོད་ཚེ་ཁོང་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱེད་དགོས་སྐོར་བརྗོད་སོང།

dasa_2016_6_17
ས་གནས་འགོ་འཛིན་གསར་རྙིང་གཉིས།

ཟླ་འདིའི་ཚེས་༡༧ ཉིན་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་༤ པའི་དྷ་ས་ས་གནས་འགོ་འཛིན་ལས་ཁུར་མཛད་སྒོ་ཞིག་དྷ་ས་ས་གནས་ལས་ཁུངས་ཀྱི་གོ་སྒྲིག་བྱས་ཡོད་པ་རེད། དེར་སྐུ་མགྲོན་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དྲུང་ཚབ་དཔལ་ལྡན་དོན་གྲུབ། ས་འགོ་ཟུར་པ་ཚེ་རིང་ལྷ་མོ། ས་འགོ་གསར་པ་ཟླ་བ་རིན་ཆེན། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་གཙོས་པའི། སྤྱི་འཐུས་ཁག་ཅིག ས་འཐུས་དང་རང་བདེན་ཚོགས་ཆུང། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སྐྱིད་སྡུག་ཁག་གི་སྐུ་ཚབ། སློབ་གྲྭ་དང་དགོནསྡེའི་སྐུ་ཚབ་བཅས་མཉམ་ཞུགས་བྱས་སོང།

ས་འགོ་ཟུར་པ་ཚེ་རིང་ལྷ་མོས། “ད་ལྟའི་ཆར་ས་འགོ་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་བྱེད་རྒྱུ་ཡིན་ཡང། དབུས་འདེམས་བསྐོ་ལྷན་ཁང་གིས་ས་འགོ་གསར་པ་ཟླ་འདིའི་ཚེས་༡༥ ཉིན་ནས་བསྐོ་བཞག་ཟིན་པས་མཛད་སྒོ་དེ་ཚུགས་པ། དེ་བཞིན་དྷ་སར་ཁྱིམ་ཚང་༢༡༨ ཀྱི་ས་ཁང་གི་དཀའ་ངལ་དང། ཁྱིམ་ཚང་༡༢༩ ཡི་ཐང་ཁྲོམ་གྱི་དཀའ་ངལ་སོགས་ལ་ས་འགོ་གསར་པ་ནས་ལས་ཀ་རྒྱུན་སྐྱོད་ཡོང་བ་རེ་བ་ཡོད་སྐོར་སོགས་གསུངས་སོང་།

ས་འགོ་གསར་པ་ཟླ་བ་རིན་ཆེན་གྱིས་གཏམ་བཤད་གནང་སྐབས། ཁོང་གིས་གལ་ཆེན་བརྩི་བ་ཁ་ཤས་ཡོད་པ་ནི། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན། ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་རྗེས་དྲན་སོགས་ཡིན་པས། དྲིན་ལན་འཇལ་བར་ལག་ལེན་ཐོག་ལག་བསྟར་བྱེད་རྒྱུ་གལ་ཆེ་བ། དེ་བཞིན་ཁོང་གིས་དྷ་ས་མི་མང་གི་ཆེད་དུ་རང་ནུས་གང་ཡོད་ཐོག་ནས་ལས་ཀ་བྱེད་རྒྱུ་ཡིན་པ། དྷ་ས་རྟེན་གཞི་བྱས་པའི་ཚོགས་པ་སྐྱིད་སྡུག་ཚང་མས། སོ་སོའི་ཚོགས་པའི་ཆེད་ལས་ཀ་བྱེད་པ་བཞིན། དྷ་སའི་མི་མང་ཡིན་པ་ཆ་ནས་འགན་ཁུར་དགོས་པ། ཁུངས་སོ་སོ་ནས་དཀའ་ངལ་དང་དགོངས་ཚུལ་ག་རེ་ཡོད་ཀྱང་ཡིག་ངག་གཉིས་ཀྱི་ཐོག་ནས་ཁོང་ལ་འབྲེལ་བ་བྱེད་དགོས་པ་སོགས་རེ་སྐུལ་བྱས་སོང།

ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་གིས་བརྗོད་དོན། ས་འགོ་གསར་པ་དང་ཁོང་ལོ་མང་རིང་ལས་ཀ་མཉམ་དུ་བྱེད་མྱོང་བས། དྷ་ས་མི་མང་གིས་ས་འགོ་ཡག་པོ་ཞིག་འདེམས་ཡོད་པ། དྷ་སའི་བོད་མི་དང་རྒྱ་གར་བ་གཉིས་འཆམ་མཐུན་དང་བསམ་ཤེས་ཐོག་མདུན་བསྐྱོད་གསར་པ་ཞིག་བྱེད་དགོས་ཁར། ཚང་མས་༧གོང་ས་མཆོག་བཀའ་སློབ་ལམ་སྟོན་ལག་བསྟར་བྱེད་ཐབས་ལ་འབད་དགོས་སྐོར་བརྗོད་སོང།

ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དྲུང་ཚབ་དཔལ་ལྡན་དོན་གྲུབ་ཀྱིས། ས་འགོ་ནི་གཞུང་དང་མི་མང་གི་ཟམ་པ་ཡིན་པས། མི་མང་གིས་ས་འགོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ལས་འགན་ཡིན་སྐོར་བརྗོད་སོང།

མཛད་སྒོ་གྲོལ་རྗེས་ས་འགོ་ཟླ་བ་རིན་ཆེན་གྱིས་གསར་འགོད་པ་ཚོར། དྷ་ས་དེ་ཁ་འཐོར་གྱི་གཞིས་ཆགས་ཤིག་ཡིན་པས། དྷ་སའི་མི་མང་གི་སེམས་ལ་ང་དྷ་སའི་མི་མང་ཡིན་བསམ་པའི་ཚོར་སྣང་ཞིག་བསྐྲུན་ཐུབ་ན། མཉམ་མཐུན་གྱི་ལས་ཀ་བྱེད་པར་ཕན་ཐོགས་པ་དང། དེ་བཞིན་དྷ་སར་བོད་མི་ཆང་རག་ཚད་མེད་ལོངས་སྤྱོད་མཁན་བདུན་བརྒྱད་ཅིག་ཡོད་འདུག་པས། དེ་དག་ལ་སྐད་ཆ་བཤད་ནས་ཁོ་ཚོའི་དཀའ་ངལ་སོགས་ཤེས་པར་བྱས་ནས་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ། དྷ་སའི་ཁུལ་དུ་རྐུན་མ་ཤོར་བ་དང། བུད་མེད་བརྙས་བཅོས་བྱས་པ་སོགས་ཀྱི་གནས་ཚུལ་མང་པོ་གོ་རྒྱུ་ཡོད་པས། ས་གནས་ལས་ཁུངས་སུ་གནས་ཚུལ་དེའི་རིགས་བྱུང་ཚེ་སྙན་སེང་ཞུ་དགོས་སྐོར་གསུངས་སོང།།

གསར་འགོད་པ་སྐལ་བཟང་དོན་གྲུབ།