དྷ་སར་གསུམ་བཅུའི་དུས་དྲན་ཉིན་མི་མང་གིས་རྔམ་སྟོན་ཁྲོམ་སྐོར།
བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ལུས་སྲོག་བློས་གཏོང་ཐོག་རྩ་དོན་འཐབ་རྩོད་བྱེད་དོན་གཅིག་ནི། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་ལ་རེ་བ་བཅངས་ནས་བྱེེད་ཀྱི་ཡོད་རེད་ཅེས་གཞོན་ལྷན་དབུས་རྒྱུན་སྤེན་པ་ཚེ་རིང་གིས་བརྗོད་སོང་།
དེ་ཡང་ཟླ་འདིའི་ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༨ པའི་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དྷ་སའི་ས་གནས་བུད་མེད་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག དྷ་ས་མེག་གྷན་གཙུག་ལག་ཁང་ནས་དྷ་ས་གནས་ཀ་ཇ་རའི་བར་དུ་མི་མང་གིས་གོམ་བགྲོད་ངོ་རྒོལ་བྱས་ཡོད་པ་རེད།
མི་མང་གིས་བོད་རང་བཙན་དང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་དགོས་པ། པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་བཙོན་པ་རྣམས་རྒྱ་གཞུང་གིས་མྱུར་དུ་གློད་གྲོལ་དགོས་པ། རྒྱ་དམག་བོད་ནས་མཐར་སྐྲོད་གཏོང་དགོས་པ་སོགས་འབོད་ཚིག་སྣ་ཚོགས་བསྒྲགས་པ་དང་། ལག་ཏུ་བོད་རྒྱལ་དར་འཁྱེར་ཤིང་གདོང་ལ་རྒྱལ་དར་གྱིས་གཙོས་པའི་རྒྱ་གཞུང་གི་བཙན་བཟུང་ལ་ངོ་རྒོལ་གྱི་རྣམ་པ་མངོན་པའི་རི་མོ་འདྲ་མིན་བྲིས་ཡོད་པ་རེད།
དེར་མི་མང་འདུ་འཛོམས་ཐོག་བོད་ཀྱི་རྩ་དོན་ཆེད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། བོད་རྒྱལ་གླུ། གསུམ་བཅུའི་དྲན་གླུ་བཅས་བླངས་རྗེས་དབུས་གཞོན་ནུའི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་གིས་བོད་རྒྱལ་ཁབ་གཅིག་དང་། མི་རིགས་གཅིག རིག་གཞུང་གཅིག འཐབ་རྩོད་གཅིག་ཡིན་པ་དང་། དེ་བཞིན་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ལུས་སྲོག་བློས་གཏོང་ཐོག་རྩ་དོན་འཐབ་རྩོད་བྱེད་དོན་གཅིག་ནི། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་ལ་རེ་བ་བཅངས་ནས་བྱེེད་ཀྱི་ཡོད་པས། ང་ཚོ་བཙན་བྱོལ་བ་རྣམས་རང་དགར་བསྡད་མི་རུང་སྐོར་སོགས་གསུངས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་འབྲེལ་གྱིས་གསུམ་བཅུའི་དུས་དྲན་ཐེངས་༥༨ པའི་མཛད་སྒོར་སྤེལ་བའི་བསྒྲགས་གཏམ་ཞིག་སྒྲོག་སྦྱངས་བྱས་སོང་། དེའི་ནང་ཕྱི་ལོ་༡༩༥༡ ལོར་རྒྱ་གཞུང་གིས་བཙན་གནོན་ཐོག་གྲོས་མཐུན་དོན་ཚན་༡༧ ལ་མིང་རྟགས་འགོད་བཅུག་ཡོད་པ་དང་། ༡༩༥༩ ལོའི་ཕྱི་ཟླ་༣ པའི་ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་ཟློས་གར་ལ་གཟིགས་མོར་གདན་ཞུ་བྱ་རྒྱུའི་མིང་ཐོག་ནས་རྒྱ་ནག་ལ་བཙན་འཁྲིད་བྱེད་རྒྱུའི་ཇུས་ངན་བཤམས་པར་མི་མང་ཚོས་མ་སྐུལ་དྭངས་བླང་ཐོག་༧གོང་ས་མཆོག་དེར་ཆིབས་བསྒྱུར་བསྐྱངས་མི་རུང་བའི་འབོད་སྐུལ་དང་། རྒྱ་གཞུང་གི་དབང་སྒྱུར་བོད་ནས་མཐར་བསྐྲོད་གཏོང་ཆེད་དུ་ངོ་སྒོལ་བྱས་ཡོད་པ། དེ་བཞིན་དམངས་གཙོའི་བཅོས་སྒྱུར་དང་། མདུན་མཆོང་ཆེན་མོ། རིག་གནས་གསར་བརྗེ་ཟེར་བ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་པ་སྤེལ་ནས་བོད་མི་ས་ཡ་༡ དང་འབུམ་༢ ལྷག་ཙམ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་དགོན་སྡེ་༦༠༠༠ ལྷག་གཏོར་བཤིག་བཏང་བ། ལོ་རབས་བརྒྱད་ཅུ་པ་ནས་བཟུང་ཕྱི་ནང་གི་འགལ་རྐྱེན་མང་པོའི་དབང་གིས་རྒྱ་གཞུང་གི་སྲིད་ཇུས་འགྱུར་བ་ཕྲན་བུ་ཕྱིན་པ་དང་བསྟུན་ནས། ༧གོང་ས་མཆོག་ནས་སྔར་གྱི་དགོངས་གཞི་ལྟར་རྒྱ་བོད་གཉིས་ཕན་གྱི་ལམ་ནས་བོད་དོན་འགྲིག་འཇགས་ཡོང་རྒྱུའི་རླབས་ཆེན་གྱི་དགོངས་གཞི་གསལ་སྟོན་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེར་བཟང་པོའི་བརྡ་ལན་ལྡོག་སྟེ་ཁ་བྲལ་རིང་ལུགས་པ་རེེད་ཅེས་སྐྱོན་འཛུགས་མུ་མཐུད་བྱས་པར་བརྟེན། ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སླར་ཡང་ཡར་ལངས་དང་། དེ་རྗེས་༢༠༠༨ ལོར་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་བ། འདས་མ་ཐག་པའི་༢༠༡༦ ལོར་མཚོན་ན་ཡང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཚད་བཀག་དང་། གྲྭ་ཤག་དང་འཛིན་ཁང་གཏོར་བཤིག བོད་ཀྱི་ས་གནས་གང་སར་བོད་མི་འཇུ་བཟུང་དང་། དམ་དྲག བཙན་གནོན་བཅས་མུ་མཐུད་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་མ་ཟད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། དེང་སྐབས་བོད་ནང་ལག་ལེན་བསྟར་བཞིན་པའི་བཙན་གནོན་གྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུའི་རེ་སྐུལ་སོགས་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ད་ཐེངས་ཀྱི་དུས་དྲན་འདི་བརྒྱུད་ནས་རྒྱ་དམར་གྱི་བཙོན་ཁང་ནས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཤུལ་ལུས་ཀྱི་བཟའ་ཟླ་བུ་ཕྲུག་བཅས་ལ་ཐུགས་གསོའི་འཚམས་འདྲི་ཡོད་པ་བཅས་ཀྱང་འཁོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།