དྷ་སར་དགུ་པའི་ཉེར་བདུན་དུས་དྲན་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༢༧ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དགུ་པའི་ཉེར་བདུན་དུས་དྲན་བྱས་པ་དང་། ཉིན་མོ་དེ་ནི་༡༩༨༧ ཟླ་༩ ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་སྣེ་ཁྲིད་འོག སེར་སྐྱ་མི་མང་གིས་རྒྱ་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་༢༨ འཁོར་བའི་ཉིན་མོ་ཡིན་པ་རེད།

9_10_3_1ཉིན་དེའི་སྔ་དྲོ་དྷ་ས་དྷ་ས་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱབ་ངོས་ལྷ་རྒྱ་རི་སྐོལ་དུ་དུས་དྲན་གྱི་མཛད་སྒོ་འཚོགས་པ་དང་། དེར་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་ཟླ་བ་བཀྲིས་ཀྱིས་ཚོགས་པའི་གཏམ་བཤད་སྒྲོག་སྦྱངས་བྱས་པའི་ནང་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ་ལོ་༦༠ ལྷག་འགྲོ་ཡི་ཡོད་པ་དང་། ༡༩༨༧ ལོར་རྒྱ་གཞུང་ལ་བོད་མིའི་ངོ་སྒོལ་བྱས་སྐོར་འཁོད་དོན། “མི་ལོ་ཧྲིལ་པོ་༢༨ ཡར་སྔོན་གྱི་དེ་རིང་གི་ཉིན་མོ་འདིར་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་བོད་མིའི་རང་དབང་བསྐྱར་གསོ་བྱེད་པའི་འཐབ་རྩོད་ཀྱི་མེ་ལྕེ་ཐེངས་དང་པོར་སྤར་བ་རེད། དུས་དེ་ནས་བཟུང་བོད་ཀྱི་མི་རབས་གསར་པ་ཚོས་བོད་མིའི་རང་དབང་འཐབ་རྩོད་ལ་བསམ་བློ་གཏོང་བའི་དུས་རིམ་གསར་པ་ཞིག་འགོ་འཛུགས་བྱས་པ་དང། གྲོང་ཁྱེར་དང་གྲོང་བརྡལ་ཁག་གི་ཟ་ཁང་དང། ཇ་ཁང། རོལ་རྩེད་ཁང་སོགས་ཀྱི་ནང་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་བྱེད་པའི་འབོད་སྒྲ་སྣ་ཚོགས་ཐོས་ཀྱི་ཡོད་པར་གྱུར་ལ། གཞུང་གི་ལས་ཁུངས་ཁག་གི་རྒྱལ་སྒོ་དང། གཞུང་ལམ། གློག་ཤིང་སོགས་ཀྱི་ཐོག་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས་པའི་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད་ཅིང། ཐ་ན་གྲོང་གསེབ་ཀྱི་ཕྱུག་རྫི་ཚུན་ཆད་ཀྱིས་ཀྱང་བོད་དོན་འཐབ་རྩོད་ལ་བསམ་གཞིགས་བྱེད་པའི་དུས་རིམ་ཞིག་ལ་སླེབས་པར་བྱས་ཡོད། ཕྱི་ཟླ་༩ ཚེས་༢༧ ཉིན་གྱི་ཞི་རྒོལ་འཐབ་རྩོད་ནི་བོད་མིའི་རང་དབང་འཐབ་རྩོད་ནང་ལོ་རྒྱུས་ཀྱི་དཀྱོག་མཚམས་དང་ལམ་ཚད་ཀྱི་རྡོ་རིང་ལྟ་བུ་ཞིག་ཡིན་ཞེས་སོགས་འཁོད་འདུག

9_10_3གཏམ་བཤད་དེའི་ནང་མུ་མཐུད་འཁོད་དོན། “ང་ཚོས་མུ་མཐུད་ནས་དགུ་པའི་ཉེར་བདུན་གྱི་ཞི་རྒོལ་སྙིང་སྟོབས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་དམངས་གཙོ་དང། རང་དབང། ཞི་བདེ། བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་ཞིག་གསར་སྐྲུན་ཀྱི་ཆེད་ལྷག་བསམ་བློ་གྲོས་ལྡན་པའི་གཞིས་ལུས་རྒྱ་ཆེའི་མི་མང་དང་དཔུང་པ་མཉམ་གཤིབ་སྒོ་ནས་འཐབ་རྩོད་ མཐའ་འཁྱོངས་དང། སྙིང་སྟོབས་མཐའ་འཁྱོངས། ཆོད་སེམས་མཐའ་འཁྱོངས་བྱ་རྒྱུ་དེ་ང་ཚོའི་འགྱུར་མེད་ཀྱི་དམ་བཅའ་ཡིན་ལ། ང་ཚོ་གསོན་པོར་གནས་པའི་མི་ཚེའི་རིན་ཐང་ཡང་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

ཉིན་དེའི་དགོང་མོ་དྷ་ས་མེག་གྷན་ཁྲོམ་གཞུང་དུ་ས་གནས་གཞོན་ནུ་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་མཉམ་རུབ་ཀྱིས་མི་མང་གི་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ཐག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྡོ་རིང་མདུན་མི་མང་ལ་དགུ་བཅུ་གསུམ་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། དགུ་པའི་ཉི་ཤུ་བདུན་ཉིན་སེར་སྐྱ་རྒན་གཞོན་ལ་ཁྱད་པར་མེད་པར་བོད་མི་ཚོས་རྒྱ་གཞུང་གི་བཙན་དབང་འོག་འདུག་རྒྱུ་མིན་པའི་སྐད་འབོད་བྱས་རྗེས། བོད་མི་མང་པོ་བཙོན་འོག་ཏུ་བཅུག་སྐོར་དང་། རྒྱ་གཞུང་གི་བཙན་འཛུལ་འོག་སྔ་ཕྱིར་བོད་ཀྱི་དཔའ་བོ་དཔའ་བོ་ཚོར་ད་ལྟ་འདིར་དུས་དྲན་དང་འབྲེལ་བའི་ལས་འགུལ་སྐབས་ཀྱང་། མི་མང་ཚང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། དེང་སྐབས་བཙན་བྱོལ་ནང་དབུ་མ་དང་རང་བཙན་ཞེས་དབྱེ་འབྱེད་མང་པོ་ཞིག་ཡོང་གི་ཡོད་པ་དེ་འདྲ་བོད་ནང་ཡོད་པ་རེད་བསམ་གྱི་མི་འདུག བཙན་བྱོལ་ནང་དུ་གཞུང་དང་ཚོགས་སྡེ་མི་མང་ཚང་མ་མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་དང་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། དེ་རྗེས་༢༠༠༨ ལོར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་གཉིས་ལྷག་བཙོན་ཁང་དུ་སྡོད་མྱོང་མཁན་མགོན་པོ་འཕྲིན་ལས་ཀྱིས་ཆབ་སྲིད་བཙོན་ཟུར་ཚོར་དྲན་དགོས་སྐོར་དང་འབྲེལ་ནས་གཏམ་བཤད་གནང་ཡོད་པ་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་ཞིག་ཡིན་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།