དྷ་སར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཙུགས་ནས་ལོ་༢༡ འཁོར་བའི་དུས་དྲན།

ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་ཕལ་ཆེར་མ་འདྲ་བ་དང་། སོ་སོའི་མི་རིགས་ཀྱི་རིག་གཞུང་གོམས་གཤིས་རྒྱུན་འཛིན་བྱས་པ་ཙམ་མ་ཟད། འཛམ་བུ་སྤྱི་ལའང་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱུང་ནས་ལེགས་སྐྱེས་ཕུལ་ཡོད་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ དང་སྐར་མ་༤༥ ཐོག་དྷ་སར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་༢༡ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག དྷ་ས་ནོར་གླིང་དུ་འཚོགས་ཡོད་པ་དང་། དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། སྲིད་སྐྱོང་བློ་བཟང་སེང་གེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།

མཛད་སྒོའི་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ཀྱིས། ༧གོང་ས་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས་པའི་གངས་ཅན་ཤེས་རིག་བང་མཛོད་དེབ་ཕྲེང་༡༡ ཡོད་པ་ཞིག་དབུ་འབྱེད་གནང་སོང་།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་གྱི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས་པའི་ནང་། ད་ལྟའི་ཆར་རིག་གཞུང་གཅེས་སྐྱོང་ཁང་ལ་ལས་བྱེད་དང་ལས་མི་གྲངས་༣༥༥ དང་། རིག་གནས་དང་ལག་ཤེས་སྒྱུ་རྩལ་གྱི་སློབ་མ་༤༤། བྱིས་པ་༨༤ བཅས་ཁྱོན་ལས་སློབ་༤༨༤ ཡོད་པ་དང་། ལོ་རེའི་ཡོང་འབབ་ཧིན་སྒོར་ས་ཡ་༡༢༠.༣༨ ཡས་མས་དང་། འགྲོ་སོང་ཧིན་སྒོར་ས་ཡ་༡༡༦.༤༦ ཡས་མས་ཡིན་ཚུལ་སོགས་བརྗོད་སོང་ལ། དེ་བཞིན་ངེས་སྟོན་པ་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ཀྱིས་རྒྱལ་བའི་འཁྲུངས་རབས་ཐང་ག་ཉེར་ལྔ་༧གོང་ས་མཆོག་ལ་འབུལ་རྒྱུའི་གསོལ་འདེབས་སྙན་སེང་དང་དང་སྦྲགས་གསུང་དོན་དུ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་སྒོར་ས་ཡ་མང་པོ་དང་འབྲེལ་བའི་ལས་དོན་ཁག་བྱེད་མུས་ཡིན་རུང་། དེ་དག་ལས་གལ་ཆེ་ཤོས་ནི་རྒྱལ་བའི་འཁྲུངས་རབས་བཞེངས་བསྐྲུན་ཞུ་རྒྱུ་དང་མཛད་རྣམ་གཉིས་ཡིན་པས། ད་ཆ་དམིགས་ཡུལ་གཙོ་བོ་དེ་གཉིས་ཀྱི་དགོས་འདུན་ཆ་ཤས་ཙམ་གྲུབ་པར་ཚང་མ་དགྱེས་པ་སྐྱེ་བའི་རེ་སྨོན་ཞུ་ཡི་ཡོད་ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་ཐོག་མར་ནོར་གླིང་བོད་ཀྱི་རིག་གཞུང་ཁང་ནི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ལས་འགུལ་མང་པོ་ཞིག་སྤེལ་སའི་རྟེན་གཞི་ཞིག་ཡིན་པ་དང་། འདས་པའི་མི་ལོ་༢༡ གི་རིང་ལ་སྐུ་ངོ་སྐལ་བཟང་ཡེ་ཤེས་ཀྱིས་ནོར་གླིང་དུ་ལས་དོན་ཧུར་ཐག་གནང་ཡོད་པ་མ་ཟད། དེ་སྔོན་གངས་ཅན་སྐྱིད་གཤོང་གི་སྒྲིག་འཛུགས་ནང་ལོ་མང་རིང་ལས་ཀ་བྱེད་སྐབས་ཀྱང་ཧུར་ཐག་གནང་ཡོད་པ། དེ་བཞིན་གཤམ་འོག་གི་ལས་རིགས་སྡེ་ཚན་སོ་སོའི་འགན་འཁུར་མཁན་ཚོས་ཧུར་ཐག་བྱས་པ་དང་། ནོར་གླིང་ནང་སློབ་སྦྱོང་བྱེད་མཁན་སོགས་ཚང་མས་སེམས་ཤུགས་ཀྱི་ཐོག་ནས་ད་བར་ཧུར་ཐག་འབད་ཐག་བྱས་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག འགོ་ལས་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།  དེ་རྗེས་ཁོང་གིས་“ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་ཕལ་ཆེར་མ་འདྲ་བ་དང་། སོ་སོའི་མི་རིགས་ཀྱི་རིག་གཞུང་གོམས་གཤིས་རྒྱུན་འཛིན་བྱས་པ་ཙམ་མ་ཟད། འཛམ་བུ་སྤྱི་ལའང་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱུང་ནས་ལེགས་སྐྱེས་ཕུལ་ཡོད་རེད། དེའི་ནང་སྒྲིག་འཛུགས་འདིས་ཀྱང་བྱས་རྗེས་ངེས་ཅན་བཞག་ཡོད་རེད། དེར་རྗེས་སུ་ཡི་རངས་ཡོད། དེ་འདྲའི་བྱས་རྗེས་འཇོག་མཁན་གྱི་གྲས་མི་རབས་རྒན་པ་མང་པོ་ཞིག་གི་མིང་ཙམ་ལྷག་པ་ལས་འདས་གྲོངས་སུ་ཕྱིན་ཚར་བ་རེད། ལོ་མང་རིང་དཀའ་ལས་བརྒྱབས་ནས་བྱས་རྗེས་འཇོག་མཁན་དེ་ཚོའི་གྲས་དེ་ང་ཚོས་དྲན་གསོ་བྱེད་རྒྱུ་དང་། སྨོན་ལམ་བརྒྱབ་རྒྱུ་རེད།” ཅེས་སོགས་མི་རབས་རྒན་པ་རྣམས་ལ་དྲན་གསོ་དགོས་སྐོར་དང་དང་འབྲེལ་ནས་འཁོར་བའི་རང་བཞིན་མི་རྟག་པའི་སྐོར་ལ་བཀའ་སློབ་གསུངས་ཡོད་པ་དང་། དེ་བཞིན་ཁོང་གིས་བོད་ཀྱི་རིག་གནས་གལ་ཆེ་སྐོར་དང་། དེང་དུས་ཤེས་ཡོན་དང་ནང་ཆོས་མཉམ་འབྲེལ་གྱིས་འཛམ་གླིང་ལ་ཕན་བདེ་སྐྲུན་ཐབས། གཞན་ཡང་དེང་དུས་འཛམ་གླིང་གི་གནས་སྟངས་བཅས་ཀྱི་ཐོག་ལ་བཀའ་སློབ་ཟབ་རྒྱས་གནང་བ་མ་ཟད། ཁོང་དང་པོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ཕྱི་ཚེས་༡༧ ཉིན་ཐོག་མར་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་སྐབས་སྲོག་མགོ་ཐོན་པ་བྱུང་ན་བསམས་ནས་བྲོས་བྱོལ་དུ་ཕེབས་པ་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་རྗེས་མཛད་སྒོ་གྲོལ་སོང་།

གཞན་ཡང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ནོར་གླིང་འགན་འཛིན་ལྷན་ཚོགས་དེབ་སྐྱེལ་བྱས་ཏེ་མི་ལོ་༢༠ རིང་ཚོགས་མི་གནང་བ་དང་། དེ་བཞིན་ཀེམ་ཡེ་ཤེས་ཀྱིས་ཕྱི་ལོ་༢༠༠༨ བར་སྤྱི་ཁྱབ་འགན་འཛིན་དང་། ད་ཆ་འགན་ལྷན་གྱི་ཚོགས་མི་བྱེད་མུས་ཡིན་པ་བཅས་ལ་རིམ་པས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཕུལ་སོང་། དེ་བཞིན་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གྲྭའི་སློབ་ཟུར་ཐུན་མོང་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས་དང་། ཁོང་གི་བཟའ་ཟླ་ཀེམ་ཡེ་ཤེས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ་ཡོད་པ་མ་ཟད། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལ་ནོར་གླིང་མི་མང་གིས་ཀྱང་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་ཕུལ་སོང་། གཞན་ཡང་ནོར་གླིང་དུ་ལས་ཀ་བྱས་ནས་ལོ་༢༠ དང་༡༠ སོན་པའི་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་བྱ་དགའ་དང་། སྐབས་༦ པའི་ནོར་གླིང་མཐོ་རིམ་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ལག་འཁྱེར་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།