དྷ་སར་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༢ པ་སྲུང་བརྩི།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དྷ་ས་རུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་མི་ལོ་༦༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
ཕྱི་ལོ་༢༠༢༡ ཟླ་༣ ཚེས་༡༢ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་སའི་མེག་གྷན་ནས་རྡ་ཤོད་ཀཱ་ཅཱ་རི་བར་དུ་ཞི་བའི་གོམ་བགྲོད་བྱས་ཏེ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་སྙིང་སྟོབས་ཆེན་པོས་མ་བསྐུལ་དང་བླང་ངང་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་མི་ལོ་༦༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
བོད་མིའི་སྒེར་ལངས་ཆེན་མོ་བྱུང་ནས་ཉིན་གཅིག་ཕྱིན་པའི་རྗེས་ཏེ། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༢ ཉིན་སྙིང་སྟོབས་ལྷག་བསམ་ཆེ་བའི་རྒྱལ་གཅེས་དཔའ་མོ་གུར་སྟེང་ཀུན་བཟང་དང་། དགའ་གླིང་ཤར་ཆོས། སྤེལ་གོང་སྤེན་པ་སྒྲོལ་མ་སོགས་ཀྱིས་སྣེ་ཁྲིད་འོག་ནས་བོད་ཀྱི་བུད་མེད་སྟོང་ཚོ་བརྒལ་བ་མ་སྐུལ་ལངས་བླང་ཐོག་ནས་ཕོ་བྲང་པོ་ཏ་ལའི་བདུན་ཐང་དུ་ཐོན་ཏེ་རྒྱ་ནག་གི་ཁྲིམས་འགལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་ཡོད།
མི་ལོ་༦༢ རྗེས་ཀྱི་དེ་རིང་གི་གོམ་བགྲོད་དེའི་སྐབས། ལས་འགུལ་བ་དང་མཉམ་ཞུགས་པ་ཚོས་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། བོད་ལ་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་ནང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་སོགས་ཀྱི་སྐད་འབོད་བྱས་སོང་།
བུད་མེད་སྒེར་ལངས་ཐེངས་༦༢ དུས་དྲན་ཉིན་མོ་དང་སྟབས་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཁབ་དང་། གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་དབུ་ཁྲིད། རྒྱལ་སྤྱིའི་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་འབོད་སྐུལ་དང་དགོས་འདུན་བཞི་བཏོན་འདུག་སྟེ། ༡ “༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།”
༢ “མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྡེ་ཚན་ནས་༧ཀུན་གཟིགས་པཎ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དང་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་འོག་གློད་གྲོལ་གཏོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།”
༣ “༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཡང་སྲིད་ངོས་འཛིན་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལམ་ལུགས་ལ་རྒྱ་གཞུང་ནས་ཐེ་ཇུས་མི་བྱེད་མི་ཆོག་པའི་ངོ་རྒོལ་ཡོང་བ་ཞུ།”
༤ “རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་གཏོང་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།”
གསར་འགོད་པ་དཀོན་མཆོག་རབ་བརྟན།