དྷ་སར་བོད་མི་ཞིག་གསོད་མཁན་གསུམ་དེ་ཉེན་རྟོག་པས་འཇུས་ཡོད་པ་རེད།

ཕྱི་ཟླ་༡༠ ཚེས་༣༠ མཚན་མོར་ཆུ་ཚོད་༡༡ མ་ཟིན་ཙམ་ལ། རྒྱ་གར་ཕོ་སར་གསུམ་གྱིས་བོད་པ་ཕོ་སར་ཞིག་བསད་པའི་གནས་ཚུལ་བྱུང་བ་དང་། ད་ལྟ་རྒྱ་གར་དེ་ཚོ་ཉེན་རྟོག་པས་འཇུས་ཟིན་པ་དང་། བོད་མི་ཚོས་ཁྲིམས་ཐག་དྲང་པོ་གཅོད་དགོས་པའི་རེ་སྐུལ་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཞུས་ཡོད་པ་རེད།

12188684_10
tribuneindia.com

བོད་པ་ཕོ་སར་དེའི་མིང་ལ་ཚུལ་ཁྲིམས་མཆོག་ལྡན་དང་བོད་ནས་ཡོང་བ་ཞིག་ཡིན་འདུག་ལ། མཚན་མོ་དེར་སྨན་ཁང་དུ་ཁྲིད་ཡོད་ནའང་རྒྱུ་མ་ཕྱིར་བཏོན་པ་སོགས་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པས། སྐྱོབ་མ་ཐུབ་པར་གྲོངས་ཡོད་འདུག ཁོང་གིས་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་དྷ་ས་མེག་གྷན་དུ་བསྡད་ནས་རྒྱུན་རིང་པོ་མིན་པ་དང་། དུས་རྒྱུན་སློབ་སྦྱོང་བྱེད་ཀྱི་ཡོད་པ་ལས། རྒྱག་རེས་རྒྱག་མཁན་དང་ཨ་རག་བཏུང་མཁན་དེ་འདྲ་མིན་འདུག

རྒྱ་གར་བརྒྱུད་ལམ་དུ་གནས་ཚུལ་སླེབས་པ་ལྟར་ན། རྒྱ་གར་ཕོ་སར་གསུམ་དེའི་མིང་ལ། ཀེ་ལ་ཤ (Kailash) ཪིནཀུ་ (Rinku) མ་ཧེ་ཤ་ཀུ་མར་ (Mahesh Kumar) བཅས་ཡིན་འདུག

1244
ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ།

གནས་ཚུལ་དེའི་སྐོར་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལ་བཅར་འདྲི་བྱས་པར། ཁོང་གིས་ངོ་སྤྲོད་གནང་དོན། “ཟླ་འདིའི་ཚེས་༣༠ མཚན་མོར་གནས་ཚུལ་དེ་ཐོག་མ་བྱུང་སྟངས་སྐོར་དེ་ཚེ་རིང་གཡུ་སྒྲོན་གྱིས་ང་ཚོར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། མོ་དང་ཚུལ་ཁྲིམས་གཉིས་ཀྱིས་དགོང་མོ་ཁ་ལག་ཟོས་རྗེས་ནང་དུ་ཡོང་སའི་ལམ་བར་གྱི་ས་གནས་འགོ་འཛིན་ལས་ཁང་ཡོད་སའི་སྒོ་དེར་སླེབས་སྐབས། རྒྱ་གར་ཕོ་སར་གསུམ་གྱིས་བཀྲ་ཤིས་བདེ་ལེགས་ཟེར་ཁུལ་གྱིས་བུ་མོ་དེར་སྙད་རྐོས་ཡོད་པ་རེད། ཁོང་གཉིས་ཀྱིས་ཡ་ལན་མ་བྱས་པར་སོང་ཡོད་ནའང་། རྒྱ་གར་ཕོ་སར་གསུམ་དེས་སྦག་སྦག་བཏང་ནས་རྗེས་སུ་ཡོང་བ་དང། ཚུལ་ཁྲིམས་མཆོག་ལྡན་འཇུས་ནས་རྡུང་སྐབས་ཕན་ཚུན་འབུད་རྒྱག་རྒྱག་རེས་འདྲ་བྱས་པ་དང་། སྦག་སྦག་གཏོང་མཁན་རྒྱ་གར་ཕོ་སར་དེས་གྲི་བཏོན་ནས་ཁོང་ལ་བརྒྱབ་ཡོད་འདུག ཚེ་རིང་གཡུ་སྒྲོན་གྱིས་སྐད་བརྒྱབ་ནས་གཡས་གཡོན་གྱི་ཁྱིམ་ཚང་ལ་རོགས་པ་བྱེད་རོགས་ཞེས་སྐད་རྒྱག་སྐབས། མི་གཉིས་ཀྱིས་མཐོང་ཡོད་ནའང་རོགས་པ་བྱས་མེད་འདུག་”འགྲེལ་བརྗོད་གནང་སོང་།

45ioll
རྒྱ་གར་ཉེན་རྟོག་ལས་ཁུངས་སུ་བོད་མི་ཚོས་རེ་འབོད་ཞུ་གཏུག་སྐབས།

ས་གནས་འགོ་འཛིན་གྱིས་མུ་མཐུད་གསུང་དོན། “རྒྱ་གར་ཕོ་སར་གསུམ་དེ་ར་བཟི་ཡོད་པ་དང་། བོད་པ་ལ་ཐུབ་ཚོད་བཏང་བ་ཞིག་ཡིན་པ་ལས། བོད་པ་མིས་བྱེད་སྟངས་མ་འགྲིག་པ་མ་ཡིན་པ་གསལ་པོ་རེད། ཚེ་རིང་གཡུ་སྒྲོན་ལ་རྨས་སྐྱོན་བྱུང་ཡོད་པ་མ་རེད། ཁོང་པར་རྒྱག་པ་སོགས་ཀྱང་བྱེད་འཇུག་གི་མེད་པ་དང་། ད་ལྟ་མོ་སྲུང་སྐྱོབ་འོག་ཡོད་པ་རེད། རྒྱ་གར་གྲི་རྒྱག་མཁན་དེ་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་སྦྱོང་བྱེད་མྱོང་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

སྤྱིར་བཏང་རྒྱ་གར་ཕོ་སར་གསུམ་དེས་བོད་པའི་ཕོ་སར་དེ་བསད་པ་དང་ཨ་རག་བཏུང་ཡོད་པ་བཅས་ཁས་ལེན་བྱས་ཡོད་ནའང་། ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོ་ཚེ་རིང་གཡུ་སྒྲོན་རྒྱ་གར་གསུམ་དེ་ཡིན་མིན་ངོ་རྟགས་གཅོད་སར་ཁྲིད་ཀྱི་ཡོད་པ་དང་། དེའི་སྐབས་མི་གསུམ་དེ་དང་ཁོང་ཚོ་འདྲ་བའི་མི་དེ་འདྲ་ཁྲིད་ཡོང་ནས་སུ་ཡིན་ངོ་རྟགས་གཅོད་དགོས་ཀྱི་ཡོད་པ་རེད། སྐབས་དེར་ཤེལ་སྒོའི་ནང་ནས་ལྟ་ས་དམིགས་བསལ་ཡོད་པ་དང་། བུ་མོ་དེ་སྡོད་ས་ནས་ཕར་མི་དེ་ཚོ་མཐོང་བ་ལས། ཚུར་མཐོང་གི་མེད་པ་རེད།

རྒྱ་གར་ཕོ་སར་གསུམ་དེས་བོད་པ་མཉམ་པོར་རྒྱག་རེས་བརྒྱབ་རྗེས། ཕར་སོང་སྟེ་རྒྱ་གར་ཁག་ཅིག་ལ་སྙད་རྐོས་ཡོད་པ་དང་། དེ་བཞིན་ཉིན་ཤས་སྔོན་དུ་ཡང་བོད་པ་ཁག་ཅིག་ལ་བརྡུངས་ཡོད་པའི་གནས་ཚུལ་འདུག

ཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོ་ཚུལ་ཁྲིམས་མཆོག་ལྡན་གྱི་ཕུང་པོ་མེར་སྲེག་བཏང་ཡོད་པ་དང་། སྔ་དྲོ་ས་གནས་ཀྱི་བོད་མི་མང་པོ་རྒྱ་གར་ཀྱི་ཉེན་རྟོག་ལས་ཁུངས་སུ་བཅར་ཏེ། ད་ཐེངས་ཀྱི་དོན་རྐྱེན་དེར་ཁྲིམས་ཐག་ཡག་པོ་གཅོད་དགོས་པ་དང་། མ་འོངས་པར་བོད་མིའི་བདེ་འཇགས་དང་དམིགས་བསལ་བུད་མེད་ཀྱི་བདེ་འཇགས་རྒྱ་གར་གྱི་ཉེན་རྟོག་པས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་༢ ཉིན་མི་མང་གིས་བོད་པར་བདེ་འཇགས་དགོས་པའི་ཁྲོམ་སྐོར་ཞིག་བྱེད་འཆར་ཡོད་པ་རེད།

ད་ལྟའི་ཆར་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུག་བྱེད་རྒྱུ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དང་། མདོ་སྨད་དབུས་རྒྱུན་ལས་ཁང་གིས་གཙོ་འགན་ཁུར་ཡོད་པ་དང་། དེ་བཞིན་ས་གནས་ཀྱི་ཚོགས་སྡེ་ཁག་དང་མི་མང་གིས་ཤུགས་སྣོན་རྒྱག་གི་ཡོད་པ་རེད།

image1
བདེ་སྲུང་དྲུང་ཆེ་འཕགས་པ།

ཕྱི་ཟླ་༡༠ ཚེས་༣༠ དགོང་མོར་དྷ་ས་མེག་གྷན་ཁྲོམ་གཞུང་དུ་རྒྱ་གར་ཕོ་སར་གསུམ་གྱིས་བོད་པའི་ཕོ་སར་ཞིག་ལ་གྲི་བརྒྱབ་སྟེ་བསད་ཡོད་པའི་གནས་ཚུལ་སྐོར་ངོ་སྤྲོད་གནང་རོགས་ཞེས་བདེ་སྲུང་དྲུང་ཆེ་འཕགས་པ་ལ་བཅར་འདྲི་བྱས་པར། ཁོང་གིས། “བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གཟའ་སྤེན་པའི་ཞོགས་པ་ཧ་གོ་བ་རེད། ཉིན་དེའི་ཞོགས་པ་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་བཀའ་སློབ་ཅིག་ཡོད་པས། ང་ཚོ་དེར་ཆུ་ཚོད་༡༢།༣༠ བར་འགོར་བ་རེད། གནས་ཚུལ་དེ་ཧ་གོ་མ་ཐག་རྒྱ་གར་གྱི་ཉེན་རྟོག་ལས་ཁུངས་དང་། འབྲེལ་ཡོད་ལས་ཁུངས་སུ་སྙན་སེང་ཞུས་པ་ཡིན། སྲང་ལམ་ནང་དུ་སྐད་ཆ་འདྲ་མིན་འདུག་ལ། པར་འདྲ་མིན་འདུག དེ་ཚོར་ཡིད་ཆེས་བྱེད་རྒྱུ་ཡོད་པ་མ་རེད། ཁ་ཤས་ཀྱིས་རྐང་བཙུགས་ནས་དཀྲོག་གཏམ་བཟོ་བ་དང་། ཁ་ཤས་ངར་ལངས་ནས་བྱེད་སྲིད་ཀྱི་རེད། ད་ལྟ་རྒྱ་གར་ཉེན་རྟོག་པས་མི་གསོད་མཁན་ཚོ་འཇུས་ཚར་རེད། སྤྱི་ཚོགས་ལྷིང་འཇགས་ཡོང་དགོས་པ་གལ་ཆེན་པོ་ཡིན་པས། ངར་ལངས་པའི་ཐོག་ནས་ཅིག་བྱེད་དགོས་རེད་གཉིས་བྱེད་དགོས་རེད་ཟེར་བ་དེ་འདྲ་མ་བཤད་ན་ཡག་གི་རེད། ང་ཚོ་རྒྱལ་གར་ལུང་པར་ཡོད་པས། ཡུལ་མི་དང་མཐུན་ལམ་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། ད་ལྟ་རྒྱ་གར་གྱི་ཁྲིམས་ལ་སྦྱར་ཡོད་པས།ཁྲིམས་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་དགོས་རེད་”ཅེས་གསུངས་སོང་།

རྒྱ་གར་མི་གསུམ་འཇུས་ཡོད་པ་དེ་ཚོ་དོགས་གཞིའི་འོག་འཇུས་པ་ཡིན་དང་།མི་གསོད་མཁན་ཡིན་པ་ར་འཕྲོད་ནས་འཇུས་པ་རེད་ཅེས་དྲིས་པར། བདེ་སྲུང་དྲུང་ཆེས། “རྒྱ་གར་གྱིས་ཁོང་ཚོ་འཇུས་ཚར་པ་དང་། ཁོང་ཚོས་ཁས་ལེན་ཡང་བྱས་འདུག་ཟེར་”ཞེས་གསུངས་པ་དང་། ཁོང་གིས་མི་གྲོངས་ཟིན་པ་དེར་ཚང་མ་བློ་ཕམ་རེད། ཡིན་ཡང་སྤྱི་ཚོགས་བདེ་འཇགས་དང་ཡུལ་མིར་འཆམ་པོ།ཁྲིམས་ལ་ཡིད་ཆེས་དགོས་པ་གལ་ཆེན་ཡིན་སྐོར་ཡང་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།