དྷ་སར་རྒྱ་གར་དང་པ་ཀི་སི་ཐན་བར་དབྱུག་རྩེད་སྤོ་ལོ་རྩེད་འཆར།
དྷ་སའི་ཉེ་འགྲམ་དུ་ཆགས་པའི་དབྱུག་རྩེད་སྤོ་ལོའི་རྩེད་རྭར། ལོ་རྗེས་མའི་ཟླ་༣ ཚེས་༩ ཉིན་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་གཉིས་རྩེད་འགྲན་བྱ་རྒྱུ་ཡིན་འདུག
རྩེད་ར་དེ་ཕྱི་ལོ་༢༠༠༣ ལོར་སྒོ་འབྱེད་བྱས་ཡོད་པ་དང། ཕྱི་ལོ་༢༠༡༠ ལོར་རྒྱ་གར་པན་ཇབ་དང་ཅེ་ནའི་རུ་ཁག་དབར་གྱི་རྩེད་འགྲན་ཐོག་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་རེད།
ལོ་རེར་རྒྱ་གར་གྱི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་སྐབས། ཉེ་འཁོར་དུ་ཡོད་པའི་མངའ་སྡེ་ཁག་ནས་ལྟད་མོ་བལྟ་མཁན་སྟོང་ཕྲག་མང་པོ་ཡོང་གི་ཡོད་པ་དང། ས་གནས་ཀྱི་ཚོང་ལས་ཡག་པོ་འགྲོ་ཡི་ཡོད་ཀྱང། རླངས་འཁོར་མང་དྲགས་པའི་རྐྱེན་གྱིས་འགྲིམ་འགྲུལ་འགག་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
རྩེད་རྭ་དེར་ད་བར་རྒྱལ་སྤྱིའི་རྩེད་འགྲན་ཐེངས་གསུམ་བརྩེ་ཡོད་པ་དང། ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་དབྱུག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས། དྷ་སའི་རྩེད་རྭར་ཕྱི་ལོ་༢༠༡༦ ལོའི་འཛམ་གླིང་དབྱུག་རྩེད་འགྲན་བསྡུར་ཁྲོད། སྡེ་ཚན་ཀ་པའི་རྩེད་འགྲན་ཚང་མ་རྩེ་རྒྱུ་ཡིན་པར་གསལ་བསྒྲགས་བྱས་འདུག་པ་དང། སྡེ་ཚན་ཀ་པའི་ནང་སྦང་ལ་དྷེ་ཤེ། ཧོ་ལན་ཌི། ཨར་ལན་ཌི། ཨོ་མན་བཅས་རྒྱལ་ཁབ་༤ ཡོད་འདུག
འཛམ་གླིང་དབྱུག་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད། རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་གྱི་རྩེད་འགྲན་ལ་ལྟད་མོ་བལྟ་མཁན་མང་ཤོས་ཡིན་པ་དང། རྒྱལ་ཁབ་གཉིས་དབར་ལོ་རྒྱུས་ཀྱི་རྙོག་གྲ་ཡང་ཡོད་པས། རྩེད་འགྲན་དེའི་རིགས་སྐབས་རྩེད་མོ་བ་རྣམ་ལ་ཡང་ལ་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། ལོ་རྗེས་མར་རྒྱལ་ཁབ་དེ་གཉིས་དབར་གྱི་རྩེད་འགྲན་ལ་པ་ཀི་སི་ཐན་ནས་ལྟད་མོ་བལྟ་རུ་ཡོང་མཁན་ཡོང་སྲིད་པ་དང། ཉེ་འཁོར་མངའ་སྡེ་ཁུལ་གྱི་ཡུལ་མི་མང་པོ་ཡོང་སྲིད་པས། རྩེད་རྭར་རྐུབ་སྟེགས་ཁྲི་གཉིས་དང་དྲུག་བརྒྱ་(༢༠,༦༠༠)ལས་མེད་པས། མི་མང་པོ་ཞིག་ལ་འཛིན་ཤོག་མི་ཐོབ་པའི་དཀའ་ངལ་འཕྲད་སྲིད་པར་འབྲེལ་ཡོད་ལས་བྱེད་ཀྱི་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།